TTDL-ZABTER-18-TSHA-128

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-128

གཏན་གྱི་སྐྱབས་གཅིག་པདྨ་ཀ་རས་སྐྱོངས། །སྔོན་གྱི་ལས་འཕྲོ་བཟང་པོའི་བྱེད་ལས་ཀྱིས། །བློ་སེམས་ཆོས་ལ་ཕྱོགས་པའི་ལས་དབང་ཅན། །མ་གཡེལ་མ་འཁྲུལ་བཀྲ་ཤིས་རྣམ་རྒྱལ་བ། །ཚེ་འདིའི་སྣང་བ་རྨི་ལམ་སྒྱུ་མ་ཡིན། །བརྟན་གནས་སྤུ་ཙམ་མེད་པའི་ཚུལ་ལ་སོམས། །འདི་སྣང་བྱ་བ་བསྒྲུབ་ན་ཟིན་དུས་མེད། །ཁྱོད་ཀྱིས་ཐར་པའི་ལམ་སྣ་ཟིན་འདོད་ན། །རྨི་ལམ་སྣང་བ་དངོས་པོ་ཐོགས་རེག་ཅན། །ཕན་བྱེད་དང་ནི་གནོད་བྱེད་རིགས་རྣམས་དང་། །དབང་ལྔའི་ཡུལ་གྱུར་འདོད་ཡོན་ཆོས་སོ་ཅོག།ཉིན་སྣང་བཞིན་དུ་བདེན་པར་གྲུབ་པ་ལ། །ཁྱད་པར་རྡུལ་ཙམ་མེད་པའི་ཚུལ་ལ་ལྟོས། །ཉིན་གྱི་སྣང་བ་སྣོད་བཅུད་བུ་ཆུང་མ། །ཉེ་འཁོར་འབངས་སྡེ་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་ལ་སོགས་འདོད་ཡོན་སྣང་བ་ཀུན། །རྨི་ལམ་རྨི་དུས་ཡུལ་མེད་སྣང་མེད་དུ། །སྟོང་པ་མེད་དང་མ་གྲུབ་རྒྱུ་མཚན་ཏེ། །ཆུ་ཉིད་ལས་ནི་གཟའ་སྐར་གཟུགས་བརྙན་དང་། །མེ་ལོང་ལས་ནི་གཟུགས་བརྙན་སྣང་བ་དང་། །ནམ་མཁའ་ལས་ནི་འཇའ་ཚོན་སྣང་བ་གསུམ། །ཆུ་དང་མེ་ལོང་ནམ་མཁའ་རྣམ་གསུམ་ལས། །གཞན་ན་གྲུབ་པ་རྡུལ་ཙམ་མ་མཆིས་བཞིན། །སྣ་ཚོགས་སྣང་བ་གཞི་ལས་གཞན་པ་མིན། །གཞི་ཉིད་དྭངས་གསལ་རྙོག་བྲལ་ནམ་མཁའ་སྟེ། །སྟོང་ཉིད་སྤྲོས་མཐའ་བྲལ་བར་ཡེ་སངས་རྒྱས། །མངོན་གྱུར་ཤེས་རབ་མིག་གི་བརྡལ་བ་ལས། །མ་བཅོས་དེ་བཞིན་ཉིད་དུ་རང་གར་ཞོག།མ་ཡེངས་མ་བསྒོམ་ལྷོད་དེ་ཤིག་གེར་ཡན། །ཁྲེགས་ཆོད་ལྟ་བསྒོམ་གཅིག་དྲིལ་ངོ་བོ་ཡིན། །སྙིགས་མའི་སྣང་བ་འབྱུང་ལྔར་འཐས་པ་དེ། །དྭངས་མ་འོད་ལྔའི་དབྱིངས་སུ་གོ་འཕོས་པའི། །ཐོད་རྒལ་སྣང་བཞིའི་ཉམས་ལེན་ལྷོད་མེད་དུ། །རྩེ་གཅིག་ཉམས་སུ་ལེན་པའི་སྐལ་ལྡན་ན། །དག་པའི་ཞིང་ལྔ་གང་ཡང་རུང་བ་རུ། །གྲོལ་བར་འགྱུར་བ་མི་བསླུ་ངེས་པའི་ཚིག།ཡིན་ཏེ་གྲོལ་བར་འདོད་ན་གནད་དེ་ལ། །རེམ་ཞིག་འབུངས་ཤིག་བཀྲ་ཤིས་རྣམ་རྒྱལ་བ། །མི་རྒན་བདག་ལ་སྙིང་གཏམ་དེ་ལས་མེད། །འཁོར་བ་སྡུག་བསྔལ་རྒྱ་མཚོའི་ཀློང་འདི་ལས། །ཐར་བར་འདོད་ན་རྩེ་གཅིག་འབད་ཐོན་མཛོད། །ཅེས་དགེ་དཔོན་བཀྲ་རྣམ་ལ་བདུད་འཇོམས་པས་གདམས་པའོ། །དགེའོ། །། །