TTDL-ZABTER-15-BA-070
TTDL-ZABTER-15-BA-070
དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་ཤན་པ་དམར་ནག་སྲོག་བདག་མི་སྲུན་དྲག་པོ་རྩལ་གྱི་སྲོག་གཏད་རྡོ་རྗེའི་རྒྱ་ཅན་བཞུགས་སོ༔ སྱྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༠༡གནོད་སྦྱིན་ཤན་པ་དམར་ནག་གི༔ སྲོག་དབང་བསྐུར་བའི་རིམ་པ་ལ༔ དང་པོ་ཁྲུས་བུམ་དམ་ཆུ་སོགས༔ དབང་ཆས་གཞུང་བཞིན་ལེགས་གྲུབ་སྟེ༔ བསྐྱེད་ཆོག་ལས་གཞུང་བསྲངས་ནས་ནི༔ བསྐང་གསོལ་ཅི་མང་སྒྲུབ་ནས་སླར༔ སློབ་མ་གྲལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་རྡོ་རྗེའི་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དེ༔ མཎྜལ་ཕུལ་ནས་འདི་སྐད་དུ༔ དང་པོ་གསོལ་བ་གདབ་པ་ནི༔ ཀྱཻ་ཧོཿབླ་མ་མགོན་པོ་གསང་བའི་བདག༔ ཁྱོད་ལ་སྐྱབས་མཆི་སྡིག་པ་བཤགས༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྲོག་དབང་ཡོངས་རྫོགས་བསྐུར་དུ་གསོལ་ལན་གསུམ་མཐར་བླ་མས༔ ཀྱཻ་ཧོཿསྐལ་ལྡན་རིགས་ཀྱི་བུ་མཆོག་རྣམས༔ བསྒྲུབ་རྟེན་བསྐང་གསོལ་བྱེད་ནུས་ན༔ གནོད་སྦྱིན་རྒྱལ་པོའི་སྲོག་གི་དབང་༔ ཡོངས་རྫོགས་དམ་པ་བསྐུར་བར་བྱ༔ དེ་ནསཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགསཨཏྨ་ཀོ྅་ཧཾ༔ སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སློབ་མ་དེ་ཉིད་དཔལ་ཆེན་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཤིན་དུ་ཁྲོས་ཤིང་གཏུམ་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ་རྣོ་དཀར་གྱི་མཆེ་བ་གཙིག་པ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་བ༔ སྨ་ར་ལས་མེ་འབར་ཞིང་སྨིན་མ་ལས་གློག་འཁྱུགས་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་ཐོད་སྐམ་ལྔས་དབུ་ལ་བརྒྱན་པ༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས་ཤིང་སྦྲུལ་རིགས་ལྔའི་ཡན་ལག་ལ་བརྒྱན་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྭ་གདེངས་ནམ་མཁར་ཕྱར་ཞིང་གཡོན་པས་སྦྲུལ་ཞགས་བསྣམས་པ༔ ཞབས་གཉིས་པད་ཉི་སྡེ་བརྒྱད་ཕོ་མོའི་ཁྲིལ་འགྱིང་བ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་ཀློང་དུ་བསྐྱེད་དོ༔ གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མ་ཡ་ཛ་ཛ༔ ཨ་ཝེ་ཤ་ཡ་ཛ་ཛ༔ དེ་ནས་མནའ་ཐོ་གྲུབ་ལ༔ ལྷ་མི་གཉིས་ལ་བཀའ་བསྒོ་བ་ནི༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ བརྟེན་དང་བསྒྲུབ་མཆོད་ཁྱེད་ཀྱིས་མཛོད༔ རྡོ་རྗེ་གཏུམ་པོའི་བཀའ་བཞིན་དུ༔ བཀའ་སྲུང་གནོད་སྦྱིན་ཆེན་པོ་ཡིས༔ བྲན་དང་ཕོ་ཉའི་ཚུལ་བཞིན་ཏུ༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ རབ་འབྱམས་ཕྲིན་ལས་བྱེད་པོ་གྱིས༔ བཀའ་དམ་གཉན་པོ་གཏའ་རུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་ལྷ་མི་གཉིས་ཀྱིས་འདི་ལྟར་ཁས་ལེན་པར་བསམ་ལ༔ ཀྱཻ་ཧོ༔ ལྷ་དང་བླ་མའི་སྤྱན་སྔ་རུ༔ ཇི་ལྟར་བསྒོ་བའི་ཚིག་དེ་བཞིན༔ མི་འདའ་དམ་ཚིགས་གཉེར་ལེན་ནོ༔ ས་མ་ཡ་ན་ར་ཀན༔ ཞེས་མནའ་བོར༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོ་བོ་གནོད་སྦྱིན་དང་༔ གསང་བའི་བདག་པོས་བྱིན་བརླབས་པའི༔ དམ་ཚིག་བདུད་རྩི་འདི་མཐུང་ལ༔ ནམ་ཡང་འདའ་བར་མ་བྱེད་ཅིག༔ ཅེས་རྡོ་རྗེའི་རྭ་རྩེས་བདུད་རྩི་ལྕེ་ལ་བཞག་ནས་གཏོར་མ་གནོད་སྦྱིན་དངོས་སུ་གསལ་ཏེ་ཐོགས་ལ༔ ཀྱཻཿསྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གནོད་སྦྱིན་ཤན་པ་དམར་ནག་གི༔ ལྷ་དང་དཀྱིལ་འཁོར་ཡོངས་རྫོགས་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ ཅེས་གཏོར་མ་ལྷར་གསལ་བ་སློབ་མའི་སྤྱི་བོར་ཐིམ་པས་གནས་སུ་གྱུར་པ་ལས་སློབ་མ་གནོད་སྦྱིན་དངོས་སུ་གྱུར་པར་བསམ་ལ༔ དེ་ནས་དུར་ཁྲོད་ཆས་བརྒྱད་བསྐོན་ལ༔ ཧཱུྃ༔ དབང་དྲག་མི་སྲུན་དྲག་པོ་ལ༔ དུར་ཁྲོད་ཆས་བརྒྱད་འདི་བསྐོན་པས༔ ཧེ་རུ་ཀ་པ་མངོན་གྱུར་ཤོག༔ གནམ་ལྕགས་རལ་གྲི་འདི་གཏད་པས༔ ཁམས་གསུམ་དབང་སྡུད་དབང་ཐོབ་ཤོག༔ སྙིང་དང་རྒྱུ་ཞགས་འདི་གཏད་པས༔ བསྟན་དགྲའི་སྲོག་སྙིང་ལེན་པར་ཤོག༔ བྷནྡྷ་ཁྲག་བཀང་འདི་གཏད་པས༔ དགྲ་བགེགས་སྙིང་ཁྲག་རོལ་བར་ཤོག༔ མེ་ཁྱུང་འབར་བ་འདི་གཏད་པས༔ ཁམས་གསུམ་སྟོབས་ཀྱིས་བགྲོད་ནུས་ཤོག༔ ཐོད་པའི་ཕྲེང་བ་འདི་གཏད་པས༔ ཁམས་གསུམ་རྩིས་ལ་ཐེབས་པར་ཤོག༔ ཡུམ་མཆོག་སྙིང་འབྱིན་དམར་མོ་ཡིས༔ སྡེ་དང་སྟོང་པའི་རྒྱས་འདེབས་ཤིང་༔ བསྟན་འགྲོ་བདེ་ལ་འགོད་པར་ཤོག༔ དེ་ལྟར་སློབ་མ་གནོད་སྦྱིན་ཆེན་པོ་གསལ་བའི་ཐུགས་ཀར་གསང་བདག་རྡོ་རྗེ་གཏུམ་པོ་བསྐྱེད་ལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཏིཥྠ་བཛྲ༔ ཞེས་བརྗོད་པས་འདའ་དཀའ་བའི་དམ་ཚིག་གཉན་པོའི་སྲོག་ཐོབ་པར་བསམ༔ དེ་ནས་ཐུན་རྫས་གཏད་ལ༔ ཧཱུྃ༔ གནོད་སྦྱིན་མི་སྲུན་དྲག་པོ་ལ༔ བསྒྲལ་ཆས་ཐུན་མཚོན་འདི་གཏད་པས༔ དགྲ་བགེགས་ཡོངས་སྒྲོལ་དབང་ཐོབ་ཤོག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་མེ་ཧོམ་གཏད་ལ༔ ཧཱུྃ༔ དྲག་པོའི་ཞལ་གྱི་ཧོམ་ཁུང་དུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་བྲུབ་ཅིང་བསྲེགས་པ་ཡིན༔ སྲེག་བླུག་དབང་མཆོག་ཐོབ་པར་ཤོག༔ དེ་ནས་རི་རབ་གཏད་ལ༔ ཧཱུྃ༔ རི་རབ་འབར་བ་འདི་གཏད་པས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཀླུ་བདུད་ནག་པོའི་ལྟོ་བ་རུཿབསྐལ་པར་གནོན་པའི་དབང་ཐོབ་ཤོག༔ དེ་ནས་ཐུན་ཟོར་གཏད་ལ༔ ཧཱུྃ༔ གནོད་སྦྱིན་དྲག་ཤུལ་བདག་པོ་ལ༔ དྲག་པོའི་ཐུན་ཟོར་འདི་གཏད་པས༔ གང་ལ་དམིགས་པའི་དགྲ་དང་བགེགས༔ ཟོར་འཕང་ཙམ་གྱིས་བརླག་ནུས་ཤོག༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ རྒྱལ་བའི་མཚན་དཔེ་ལས་བྱུང་བའི༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ བདུད་བཞིའི་གཡུལ་ལས་རྒྱལ་བ་ཡི༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་ལ་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་ནི་སྔོ་སྨོན་ཤིས་པ་བརྗོད༔ དེ་ལྟར་དབང་མཆོག་ཐོབ་པ་ཡིས༔ བསྙེན་སྒྲུབ་བྱེད་པའི་སྐལ་ལྡན་གྱི༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ གོ་ཆ་བསྐོན་པའི་གནད་ལྡན་ན༔ མཐར་ཐུག་གཏན་བདེའི་མུ་ཡང་ཡོད༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་མཆོག་དམ་པ་སྤྲུལ་སྐུ་ལུང་རྟོགས་རྒྱ་མཚོས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་དགེའོ།།སརྦ་མངྒ་ལཾ།།།།