TTDL-ZABTER-15-BA-043
TTDL-ZABTER-15-BA-043
གཤིན་པོ་རྗེས་འཛིན་ཁྲུས་ཀྱི་བུམ་པ་སྡིག་སྒྲིབ་དག་བྱེད་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བུམ་པ་དྲི་བཟང་ཆུ་དང་ནི༔ བྱ་རྒྱུད་ཉེར་ལྔས་སུམ་ཉིས་བཀང༔ ས་མ་ཡ༔ ཨོཾ་སྭ་བྷཱ་ཝ་སོགས༔ བུམ་པ་མི་དམིགས་སྟོང་པའི་ངང་༔ བུམ་གདན་པདྨ་ཉི་ཟླའི་སྟེང་༔ བྷྲུཾ་ལས་རིན་ཆེན་བུམ་པ་ནི༔ ཁ་གཡེལ་ལྟོ་ལྡིར་ཞབས་ཞུམ་པ༔ མཆུ་འཕྱང་མགྲིན་པ་ཕྲ་བ་ཡི༔ ཁ་རྒྱན་དཔག་བསམ་ཤིང་དང་ནི༔ འགུལ་ཆིངས་པཉྩ་ལི་ཀས་དཀྲིས༔ ནང་ནི་ལྷུན་གྲུབ་གཞལ་ཡས་ཁང་༔ བཀོད་པ་ཕུན་སུམ་ཚོགས་པའི་དབུས༔ བཾ་ལས་རྒྱ་མཚོ་འཁྱིལ་པའི་ཀློང་༔ པདྨ་ཟླ་བའི་གདན་གྱི་སྟེང་༔ བྱང་ཆུབ་སེམས་དཔའ་སྒྲིབ་པ་ཀུན༔ རྣམ་པར་སེལ་མཛད་གསེར་གྱི་མདོག༔ ཕྱག་གཉིས་སྙེ་མ་དྲིལ་བུ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱེད་པའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་ཀར་ཟླ་སྟེང་ཐླྷིཾཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་གཡས་སུ་འཁོར༔ འོད་ཀྱིས་རྒྱལ་མཆོད་བྱིན་རླབས་བསྡུས༔ འགྲོ་དྲུག་གནས་བསྒྲལ་དག་ཞིང་བཀོད༔ ཚུར་འདུས་སྲོག་གི་སྙིང་པོར་བསྟིམ༔ སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན༔ བབ་པས་བུམ་ཆུར་དབྱེར་མེད་གྱུར༔ ཨོཾ་ཐླྷིཾ་་ཀྵི་ས་ར་པ་ཡ་སྭཱ་ཧཱ༔ ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ཨོཾ་ཏྲཊ་ཏྲཊ་སརྦ་ཨ་སུ་ར་ཨ་སུ་ར་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ཨོཾ་ཚིནྡྷ་ཚིནྡྷ་སརྦ་ནྲྀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ཨོཾ་བྷྲི་ཏ་བྷྲི་ཏ་སརྦ་སུ་ར་ག་ཏེ་ཧེ་དུན་ཨོཾ་ཕཊ༔ དམིགས་ཡུལ་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཅི་འགྲུབ་བརྗོད་མཐར་མཆོད་ཅིང་༔ བསྟོད་པ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་ཡོན་ཏན་རྫོགས་པའི་དཔལ༔ སྒྲིབ་གཉིས་དྲི་མ་སྦྱངས་མཛད་པ༔ བྱང་ཆུབ་སེམས་དཔའ་མཆོག་ལ་བསྟོད༔ ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པས་དག་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔ ས་མ་ཡ༔ ཞེས་པ་འདི་ཉིད་དགོས་གལ་དང་བསྟུན་ཏེ་བདུད་འཇོམས་པས་སྦྱར་བའོ།།།