TTDL-ZABTER-13-PA-080
TTDL-ZABTER-13-PA-080
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཉེ་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་གྱི༔ ཕྲིན་བཅོལ་བསམ་པ་ལྷུན་གྲུབ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཕུར་དང་གཏོར་མ་ཟས་སྣ་བཤམས་བྱས་ཏེ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་པར་སྤྲུལ༔ རང་ཉིད་ལྷ་མཆོག་རྡོ་རྗེ་ཁྲོ་ལོད་བསྒོམ༔ མདུན་དུ་ཉེ་མགོན་སེང་གདོང་ཡབ་ཡུམ་ལ༔ ནམ་མཁའི་སྐར་ཚོགས་ལྟ་བུའི་འཁོར་ཀྱིས་བསྐོར༔ དེ་ལྟར་གསལ་བའི་ངང་ནས་འདི་བརྗོད་བྱ༔ ཧོཿདགོངས་སུ་གསོལ་ལོ༔ ལན་གསུམ༔ སྤྱི་དཔལ་ཆེན་པོའི་སྤྲུལ་པ༔ གནས་ཡུལ་ཀུན་གྱི་ཞིང་སྐྱོང་༔ པདྨ་བཀོད་ཀྱི་དབང་ཕྱུག་ཆེན་པོ་དགོངས་སུ་གསོལ༔ སྡེ་བརྒྱད་ཀུན་གྱི་སྡེ་ཚོགས༔ ཤ་ཟ་འབུམ་གྱི་སྡེ་ཚོགས༔ མ་མོ་བྱེ་བའི་སྡེ་ཚོགས༔ གནོད་སྦྱིན་ཁྲི་ཡི་སྡེ་ཚོགས༔ ས་བདག་ཀླུ་གཉན་གྱི་སྡེ་ཚོགས་ཐམས་ཅད་དགོངས་སུ་གསོལ་ལོ༔ ཁྱེད་རྣམས་ཀྱིས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་འདི་བཞེས་ལ༔ བདག་ཅག་སྒྲུབ་པ་པོ་འཁོར་དང་བཅས་པ་རྣམས་ལ༔ དགྱེས་པའི་ཞལ་སྟོན་ཅིག༔ སྒྲུབ་པའི་རྟགས་ཕྱུངས་ཤིག༔ འདོད་པའི་དོན་སྒྲུབས་ཤིག༔ ཚེ་དང་བསོད་ནམས་སྤེལ་ཅིག༔ དཔལ་དང་འབྱོར་པ་བསྐྱེད་ཅིག༔ ཆུ་ལ་འགྲོ་ན་ཟམ་པ་ཚུགས་ཤིག༔ བྲག་ལ་འཛེག་པའི་ཐེམ་སྐས་གྱིས་ཤིག༔ མདུན་ནས་བསུ་མ་གྱིས་ཤིག༔ རྒྱབ་ནས་སྐྱེལ་མ་གྱིས་ཤིག༔ ཁ་འཛིན་དང་སྡོང་གྲོགས་མཛོད་ཅིག༔ རྒྱབ་བརྟེན་དང་དཔུང་གྲོགས་མཛོད་ལ༔ མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་བློ་ཡིད་དང་སྣང་བ་བསྒྱུར་ལ༔ བདག་གིས་ཅི་བསམ་ཅི་འདོད་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛོད་ཅིག༔ ཞི་བའི་ལས་དང་༔ རྒྱས་པའི་ལས་དང་༔ དབང་གི་ལས་དང་༔ དྲག་པོ་མངོན་སྤྱོད་ཀྱི་ལས་ཐམས་ཅད་ལྷུན་གྱིས་གྲུབ་ནས༔ འདི་ཕྱིའི་དགེ་ལེགས་ཡོན་ཏན་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པར་མཛོད་ཅིག༔ བཀའ་དང་ཐ་ཚིག་གཉན་པོ་དཔང་དུ་བཙུགས༔ གཏའ་རུ་བཞག་སྟེ་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད་ཅིག༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ དེ་ལྟར་ཕྲིན་ལས་བཅོལ་བ་ཡིས༔ འདོད་པའི་དོན་དེ་ངེས་པར་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདིའང་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།ཧཱུྃ༔ འཁོར་འདས་སྤྱི་དཔལ་ཆེ་མཆོག་ཧེ་རུ་ཀའི༔ བསྟན་པའི་རཱུ་དྲ་འདུལ་ཕྱིར་འཆོལ་བར་ཁྲོས༔ ཞིང་བཅུའི་སྲོག་གི་གཤེད་དུ་ལྷུན་གྱིས་གྲུབ༔ བདུད་ཀྱི་བདུད་མགོན་དྲག་ཤུལ་བདག་པོར་བསྟོད༔ ཅེས་པས་བསྟོད༔