TTDL-ZABTER-13-PA-096

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-096

བྷྱོ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་ཤ་ཟ་ཧོར་མོ་ཉིད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ མི་འབྲལ་སྲུང་མར་བཞུགས་སུ་གསོལ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཤ་ཁྲག་ཇ་ཆང་བཟའ་བཏུང་རིགས༔ འབྱོར་ཚོགས་འདོད་རྒུའི་ལོངས་སྤྱོད་འདིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ ཆོས་སྲིད་བསྟན་པའི་མངའ་ཐང་སྤེལ༔ དཀོན་ནོར་ལོངས་སྤྱོད་སྤེལ་ཞིང་སྐྱོངས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ མ་འདའ་བཛྲ་ས་མ་ཡ༔ བདུད་འཇོམས་རྡོ་རྗེས་མཛད་པའོ།།དགེའོ།།།།