TTDL-ZABTER-01-KA-022
TTDL-ZABTER-01-KA-022
༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་སྟོང་མེ་རླུང་ཁ་སྦྱོར་བཞུགས་སོ༔ ༠༠༠༠བརྡ་ཡིག་༢༠༩༔ པད་འབྱུང་ཐུགས་ཀྱི་སྲས་མཆོག་རྣམས༔ ངེས་མེད་གཉན་ཁྲོད་འགྲིམས་པའི་ཚེ༔ ཟས་གོས་ཞེན་པ་གཅོད་པའི་ཕྱིར༔ བདེ་སྟོང་མེ་རླུང་བདུད་རྩི་ཡི༔ བཅུད་ལེན་ཡང་ཟབ་བཅུད་དྲིལ་འདི༔ ཉམས་སུ་ལེན་པ་གནད་དུ་བསྣུན༔ མོས་གུས་ངེས་འབྱུང་སྐྱོ་ཤས་ཀྱི༔ གནད་ལྡན་པ་དག་ངེས་སྒྲོལ་བྱེད༔ དང་པོ་གེགས་སེལ་བྱ་བ་ལ༔ ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ༔ དཀར་དམར་མདངས་ལྡན་གྲི་ཐོད་ཅན༔ ཞབས་གཉིས་མཉམ་པའི་སྟབས་སུ་བཞེངས༔ རིན་པོ་ཆེ་དང་རུས་རྒྱན་སྤྲས༔ སྐུ་དབུས་ཨ་ཝ་དྷུ་ཏི་ནི༔ ཕྱི་དཀར་ནང་དམར་བར་སྔོ་བ༔ དྲང་སྲབ་སྣུམ་གསལ་མཚན་ཉིད་ལྡན༔ ཡར་སྣ་སྤྱི་བོར་ཧད་པོར་ཕྱེས༔ ལྟེ་བར་ཚིགས་ཀྱིས་བཅད་པའི་སྟེང་༔ ཡལ་ག་རོ་རྐྱང་དམར་དཀར་མཛེས༔ རྣ་ལྟག་ནས་གུག་སྣ་སྒོར་ཕྱེས༔ འཁོར་ལོ་ལྔ་བརྩེགས་རྩ་སྦུབས་ནས༔ ལས་ཉོན་བག་ཆགས་སྡིག་སྒྲིབ་ཀུན༔ ལས་རླུང་དང་བཅས་ཕྱིར་བྱུང་ནས༔ རྩ་ཁམས་གནས་དག་སྐྱོན་བྲལ་བསམ༔ རླུང་རོ་ལན་དགུར་བསལ་ཚེ་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ལས་རླུང་ནག་པོའི་རྣམ་པར་བུན་བུན་ཐོན་ནས་མ་དག་པའི་རྩ་ཁམས་དག་པ་ཡེ་ཤེས་ཆེན་པོར་གྱུར་པར་བསྒོམ༔ མཐར་སྐྱིལ་ཀྲུང་དང་མཉམ་བཞག་ཧ་ཧ་ཞེས་གཏོར་བའི་ཚེ་རྩ་མདུད་ཐམས་ཅད་མཐར་གྱིས་ཞིག་པར་བསམ༔ སླར་ཡང་ཕྱོགས་བཅུ་དུས་གསུམ་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འཇའ་སྤྲིན་འཐིབས་པ་ལྟ་བུར་བྱུང་ནས་དབུ་མའི་སྦུབས་སུ་ཞུགས་ཏེ་དག་པ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་དུ་བྱིན་གྱིས་བརླབས་པར་བསམ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་སྟེང་དུ་ཨ་ཤད་དམར་པོ་རྒྱ་ཁབ་ཀྱི་རྩེ་མོ་བཅད་པ་ལྟ་བུའི་སྟེང་དུ་ཐིག་ལེ་དམར་པོ་སྲན་མ་ཙམ་གཅིག་གསལ༔ སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ་ཡེ་ཤེས་ཀྱི་འོད་འབར་བར་བསྒོམས༔ རང་གི་སྣ་སྒོར་སྐུ་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཐམས་ཅད་འཇའ་སྤྲིན་ལྟ་བུར་གཏིབས་པར་བསམ༔ སྣ་བུག་ནས་རླུང་དྲངས་པའི་ཚེ་བྱིན་རླབས་ཡེ་ཤེས་ཀྱི་རླུང་ཚོན་སྐུད་ལྟ་བུར་རོ་རྐྱང་གི་ལམ་ནས་འདྲེན་ཅིང་དབུ་མའི་མར་སྣར་ཞུགས་ཏེ་ཨ་ཤད་ལ་ཕོག་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་ལྷབ་ཀྱིས་འབར་ཏེ་རིམ་པ་བཞིན་དུ་རྩ་འཁོར་ཐམས་ཅད་དུ་འགེང་བས་བདེ་དྲོད་བསམ་གྱིས་མི་ཁྱབ་པ་འབར་བར་བསྒོམ་ལ༔ རླུང་བུམ་ཆེན་བཟུང་༔ ཕོ་བ་དགང་ནས་རྩ་ནང་དུ་ཕོ་སྐོར་གྱིས་གཞིལ་ལ༔ རྩ་ནང་ཐམས་ཅད་ཁྱབ་མཐར་སྤྱི་བོར་ཧཾ་ཡིག་ལ་ཕོག་པས་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་ཏེ་རྩ་འཁོར་ཐམས་ཅད་གང་༔ ཨ་ཤད་ལ་ཕོག་པས་ཡེ་ཤེས་ཀྱི་མེ་ལྕེ་དང་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་དག་པ་ཡེ་ཤེས་ཆེན་པོའི་དབྱིངས་སུ་བསྲེགས་པར་བསམ་སྟེ༔ རང་ལུས་ཡེ་ཤེས་སྒྱུ་མའི་སྐུ་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པར་བསམ༔ རྩ་གནས་རྣམས་སུ་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གསལ་བ་ལ་མཆོད་པ་ཕུལ་ནས་ཐུགས་བདེ་སྟོང་གི་རོས་ཚིམས་པར་བསམ་པ་མཉམ་བཞག་དང་༔ དུས་དང་རྣམ་པ་ཐམས་ཅད་དུ་རླུང་ལྟེ་འོག་ཏུ་ཏིག་གིས་མནན་པ་ཡིད་ཀྱིས་མི་བརྗེད་པ་རྗེས་ཐོབ་ཏུ་ཤེས་པར་བྱ༔ བར་སྐབས་ནམ་དྲན་པའི་ཚེ༔ རང་ལུས་རྩ་ཡི་དྲྭ་བར་གསལ་བའི་ནང་དུ་བྱིན་རླབས་ཡེ་ཤེས་ཀྱི་རླུང་༔ གཏུམ་མོ་ཡེ་ཤེས་ཀྱི་མེ༔ བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིས་གང་ནས་བདེ་དྲོད་རབ་ཏུ་འབར་བར་བསམ་སྟེ༔ རླུང་མནན་ནས་ཕོ་སྐོར་བྱ་བ་མེ་རླུང་དང་ཁམས་བསྐྱེད་པའི་གནད་དམ་པའོ༔ ས་མ་ཡ༔ བརྩོན་འགྲུས་དྲག་པོའི་སྟོབས་བསྐྱེད་ནས༔ འདི་ལ་རྩེ་གཅིག་བརྩོན་པའི་བུ༔ མཐར་ཐུག་རྩ་མདུད་གྲོལ་ནས་སུ༔ ཆོས་སྐུའི་དགོངས་པའི་ཀློང་རྡོལ་ཏེ༔ གདིང་ཐོབ་བྱང་ཆུབ་ཆེན་པོར་གྲོལ༔ རིགས་ཀུན་རྒྱལ་བ་ཐམས་ཅད་ཀྱི༔ སྲོག་གི་ཐིག་པ་ཡིན་པའི་ཕྱིར༔ དྲང་སྲོང་གཟའ་མཆོག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་པདྨ་བཀྲ་ཤིས་སོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།