TTDL-ZABTER-12-NA-056
TTDL-ZABTER-12-NA-056
༠༠༠༠༠བརྡ་ཡིག༣༢༡ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ཆེན་ཡོངས་རྫོགས་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༢༢ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ ༠༠༠༠༠བརྡ་ཡིག༣༢༢རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ནི༔ གདན་གསུམ་ཚང་བའི་ངོ་བོ་རུ༔ ཡེ་གནས་ཡེ་ཤེས་མངོན་བྱེད་ལམ༔ ཁ་ཙམ་མ་ཡིན་དམིགས་གསལ་གནད༔ ཧཱུྃ༔ འཁོར་འདས་དག་མཉམ་སྟོང་པ་ཉིད༔ ཡེ་གནས་ཡེ་ཤེས་ཀུན་ཏུ་སྣང་༔ རྒྱུ་རྐྱེན་རྟེན་འབྲེལ་དག་པ་ལས༔ རིག་སྟོང་འཕྲུལ་གྱི་ཧཱུྃ་ཡིག་ཤར༔ འོད་ཁྱིམ་མཆེད་པའི་སྣོད་བཅུད་ཀུན༔ རྒྱུ་མ་འཕྲུལ་གྱི་རྣམ་རོལ་བཞིན༔ བདག་རྟོག་དབྱིངས་བསྒྲལ་དུར་ཁྲོད་དབུས༔ བསྲུང་བའི་འཁོར་ལོར་རིམ་དགུའི་ཀློང་༔ ཀ་དག་ལྷུན་གྲུབ་གཉིས་མེད་པའི༔ རོལ་པ་ཡེ་ཤེས་གཞལ་ཡས་ཁང་༔ དེ་དབུས་བྱོལ་སོང་གཙོ་བརྒྱད་དང་༔ པད་ཉི་ལྷ་ཀླུ་བཅུ་དྲུག་སྟེང་༔ རང་རིག་ཧཱུྃ་ལས་སྤྱི་དཔལ་ཆེ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་རྔམས་ཁྲོ་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ དབུ་སྐྲ་དམར་སེར་སྲིད་རྩེ་འབར༔ སྨ་ར་སྨིན་མར་མེ་ཞགས་འཕྲོ༔ གཡས་གསུམ་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་རྩེ་ལྔ་རྩེ་གསུམ་བསྣམས༔ གཡོན་པ་གསུམ་ན་ཀ་པཱ་ལ༔ སྐམ་རློན་རྙིང་པར་རཀྟས་བཀང་༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བསྒྲད༔ ཀོ་རློན་གཡང་གཞི་སྟག་ཤམ་སོགས༔ དུར་ཁྲོད་དཔལ་ཆས་གར་ཉམས་རྫོགས༔ ཁམས་གསུམ་རྣམ་རྒྱལ་ཁྱུང་གཤོག་གདེངས༔ མཉམ་སྦྱོར་ཡུམ་ཆེན་གནམ་ཞལ་མ༔ མཐིང་སྐྱ་ཁ་ཊྭཱྃ་དུང་ཁྲག་བསྣམས༔ གཟིག་ཤམ་སྨད་དཀྲིས་ཡབ་ལ་འཁྱུད༔ གཡས་གཡོན་འོད་ཀྱི་ཟེར་ཐག་རྩེར༔ བཞི་བཅུ་རྩ་གཉིས་སངས་རྒྱས་ཤར༔ ཡེ་ཤེས་མེ་དཔུང་འབར་ཞིང་འཁྲིགས༔ སྤྱི་བོར་ཡེ་ཤེས་བྱ་ཁྱུང་ལྡིང་༔ གཙུག་ཏོར་འཁོར་ལོར་རིག་འཛིན་དང་༔ བདེ་ཆེན་འཁོར་ལོར་འཇམ་དཔལ་སྐུ༔ ལོངས་སྤྱོད་འཁོར་ལོར་པདྨ་གསུང་༔ ཆོས་ཀྱི་འཁོར་ལོར་ཡང་དག་ཐུགས༔ སྤྲུལ་པའི་འཁོར་ལོར་ཕུར་པའི་ལྷ༔ བདེ་སྐྱོང་འཁོར་ལོར་མ་མོ་དང་༔ བརླ་གཡས་དམོད་པ་དྲག་སྔགས་དང་༔ གཡོན་པར་འཇིག་རྟེན་མཆོད་བསྟོད་ཚོགས༔ མདོར་ན་དཔལ་དགུའི་དཀྱིལ་འཁོར་ལྷ༔ རྒྱ་མཚོ་དང་ནི་གཟའ་སྐར་བཞིན༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ༔ ཐུགས་གསང་གདོད་མའི་མགོན་པོ་ཡི༔ ཐུགས་ཀར་རྡོ་རྗེའི་ལྟེ་བ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ་ལ་དཔལ་དགུ་ཡོངས་འདུས་ཀྱི༔ སྙིང་པོ་གཅིག་དྲིལ་སྔགས་ཀྱིས་བསྐོར༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ ཀ་དག་ལྷུན་གྲུབ་ཐུགས་རྗེའི་ལྷ༔ དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམས༔ གདོད་ནས་འདུ་འབྲལ་མེད་པར་བཞུགས༔ ལྷན་སྐྱེས་ཡེ་ཤེས་མཇལ་བའི་ཕྱག༔ འཁོར་འདས་དག་མཉམ་རིག་པས་མཆོད༔ ཡེ་གྲོལ་གཤིས་སུ་ཕེབས་པས་བསྟོད༔ འོད་ཀྱིས་འཁོར་འདས་ཐམས་ཅད་ཀུན༔ འུབ་ཆུབ་རོལ་པར་རྫོགས་སངས་རྒྱས༔ སངས་རྒྱས་ཉག་གཅིག་སྙིང་པོ་བཟླ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དེ་ནས་གནོད་བྱེད་གང་བྱུང་ཡང་དེའི་ཚེ༔ བདག་དྲག་པོའི་སྐུ་ཡི་ཆ་ཐམས་ཅད་ནས་ཆེ་མཆོག་དཔལ་དགུ་བཀའ་སྡོད་དང་བཅས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོས་ནས་གནོད་བྱེད་དེ་དག་བསད་བཅད་རྔམས་ཟས་བྱས་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་ལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་རཾ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅི་མང་བཟླས༔ ཡངརང་ཉིད་དྲག་པོའི་སྐུ་ལས་མེ་རླུང་མཚོན་ཐུན་ཁྲོ་ཆུང་བྱ་ཁྱུང་ལྕགས་སྡིག་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་ནས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཐུན་མཚོན་གྱིས་གཏུབ༔ མེ་དཔུང་འབར་བས་བསྲེགས༔ སྤུ་གྲི་རླུང་གིས་གཏོར༔ ཁྲོ་བོ་བྱ་ཁྱུང་དང་སྡིག་པའི་ཚོགས་ཀྱིས་ཧབ་ཧབ་ཟོས་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསྒོམ༔ དྲག་སྔགས་ཀྱི་མཐར༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་སོད་ཧཱུྃ་ཕཊ༔ བཟློག་པ་བྱེད་ན༔ རང་ཉིད་ཡི་དམ་དཔལ་ཆེན་པོའི་ཐུགས་ཀ་ནས་བཟློག་བྱེད་ལས་ཀྱི་སྤྲུལ་པ་ཁྲོ་བོ་ཁྲོ་མོ་ཁྱུང་སྡིག་ལས་མཁན་མེ་རླུང་ཐུན་མཚོན་དཔག་ཏུ་མེད་པ་འཕྲོས་ནས་གནོད་བྱེད་བྱད་མ་སྡེ་བརྒྱད་ལྷ་འདྲེ་སེམས་ཅན་ཐམས་ཅད་ཐལ་བ་རླུང་གིས་གཏོར་བ་བཞིན་དུ་མཐའ་ཡི་རྒྱ་མཚོའི་ཕ་མཐར་གླིང་བར་མུན་པའི་ཁྲོད་དུ་བསྐྲད༔ ལྷག་མ་རྗེས་ཤུལ་ཙམ་ཡང་མ་ལུས་པར་མཚོན་ཐུན་སྣ་ཚོགས་ཀྱིས་གཏུབ༔ མེ་དཔུང་འབར་བས་བསྲེགས༔ སྤུ་གྲི་རླུང་གིས་གཏོར༔ ཁྲོ་ཚོགས་དང་ལས་མཁན་སྤྲུལ་པའི་ཚོགས་རྣམས་ཀྱིས་རྔམས་ཟས་བྱས་ནས་མིང་གི་ལྷག་མ་ཙམ་ཡང་མེད་པར་ཡང་ཡང་བསམ་ལ༔ དྲག་སྔགས་མཐར༔ གནོད་བྱེད་བྱད་མ་རྦོད་གཏོང་སྡེ་བརྒྱད་ལྷ་འདྲེ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ་བྷྱོ་བྷྱོ་བཟློག༔ ནད་གང་ལ་ཡང༔ རང་ཉིད་དཔལ་ཆེན་པོའི་ཞལ་ནས་དྲག་སྔགས་གདུག་པའི་དཔལ་ཆེན་པོ་འཕྲོས་པས་ནད་ནད་བདག་དང་བཅས་པ་གདོན་རྒྱབ་བརྟེན་དང་བཅས་པ་མེ་སྟག་ཆུས་བསད་པའམ༔ མར་མེ་རླུང་གིས་བསད་པ་ལྟར་ལྷག་མེད་དུ་བསད་པར་བསྒོམ༔ དྲག་སྔགས་མཐར༔ གནོད་བྱེད་ཐམས་ཅད་མཱ་ར་ཡ་སོད་ཧཱུྃ་ཕཊ༔ ནད་གདོན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་དེ་ལ་དེའི་འགྲོས་ཀྱིས༔ དམིགས་པ་ཁ་བསྒྱུར་རིག་པས་དཔག༔ ཁྱད་པར་སེར་བ་བསྲུང་བཟློག་ལས༔ དང་པོ་ནངས་པར་སྔ་ཐོག་ཏུ༔ རང་ཉིད་དཔལ་ཆེན་པོའི་སྐུ་ལས་འོད་ཟེར་ནམ་མཁའི་མཐའ་དང་མཉམ་པར་འཕྲོས་པས་སྟེང་གི་ནམ་མཁའ་ཐམས་ཅད་ཧཱུྃ་ཡིག་མཐིང་ནག་མེ་འབར་བས་ཁྱབ་ནས་ནམ་མཁའ་རུ་སེར་སྤྲིན་འཕྱོ་བ་ཐམས་ཅད་ཡེ་ཤེས་མེ་ལྕེའི་འཁོར་ལོ་གྱུར་པར་བསྒོམ་ལ༔ དྲག་སྔགས་ནས༔ ཛྭ་ལ་རཾ་གནོད་བྱེད་སེར་བ་སེར་བདག་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་སྐབས་སུ༔ སེང་གེ་དཀར་མོ་རི་རབ་ཙམ་དཔག་ཏུ་མེད་པ་འཕྲོས་ནས་སྤྲིན་རྣམས་ཐམས་ཅད་ཧུབ་ཀྱིས་བཏབ་ཅིང་རོལ་པར་བསམ་ལ༔ དྲག་སྔགས་མཐར༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པས་སེར་བ་སེར་བདག་འབྲུག་གློག་སྡེ་བརྒྱད་ཐམས་ཅད་ཕྱིར་བཟློག་ཅིག་བསྒྱུར་ཅིག༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་བྷྱོ་བྷྱོ་བཟློག་བཟློག༔ ལྕགས་སྡིག་ནག་པོ་དང་དུག་གི་བྱ་ཁྱུང་མེ་འབར་བས་ནམ་མཁའ་གར་ཁྱབ་པར་སོང་ནས་སྤྲིན་མེ་ལྕེའི་འཁོར་ལོར་བསྒྱུར༔ སེར་བདག་སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་ཧུབ་ཀྱིས་རྔུབ་ཅིང་གྱུར་མིད་དུ་ཟོས་པར་བསམ༔ ཡང་བཟློག་སྔགས་དང་སྦྲེལ་ཏེ་བཟླ༔ ཁྲོ་བོ་ཁྲོ་མོའི་ཚོགས་ཀྱང་དེ་ལྟར་བསྒོམ༔ ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ཀྱིས་གོ་མཚམས་མེད་པར་གང་ནས་སེར་བ་སེར་བདག་ཐམས་ཅད་གབ་པའི་གནས་མེད་པར་བསམ་ལ༔ དྲག་སྔགས་དང་བཟློག་སྔགས་སྦྲེལ་ཏེ་ནན་དུ་བཟླས་པས་ངེས་པར་ཐུབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདིའང་རང་སློབ་འགས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་མཁྱེན་རབ་རྒྱ་མཚོའོ།།དགེའོ།།སརྦ་མངྒ་ལཾ།།ཛ་ཡནྟུ།།ཤུབྷཾ།།