TTDL-ZABTER-13-PA-044

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-044

༠༠༠༠བརྡ་ཡིག༡༦༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དྲང་སྲོང་གཟའ་མཆོག་ཆེན་པོའི་ཕྱག་རྒྱ་འཁོར་ལོ་བསྒྱུར་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༦༨སྟོང་གསུམ་འཁོར་ལོ་བསྒྱུར་བ་ཡི༔ འབྱུང་ལྔའི་དབང་ཕྱུག་རཱ་ཧུ་ལ༔ བྲན་དང་ལས་ལ་ཁོལ་བའི་ཕྱིར༔ ཕྱག་རྒྱ་མངོན་སྤྱོད་ལྷུན་གྲུབ་བསྟན༔ སྔགས་ཀྱི་དབང་ཕྱུག་ཆེན་པོ་ནི༔ སྤྱི་དཔལ་པདྨ་ཀ་ར་ཡི༔ གདམས་ངག་འདི་ནི་བླ་ན་མེད༔ ཧཱུྃ༔ རང་ཉིད་སྐད་ཅིག་གིས་ཡི་དམ་ཧེ་རུ་ཀ་གནས་སུ་གྱུར་པ་ལས་ཞེ་སྡང་རྡོ་རྗེ་གསང་བའི་བདག་པོར་གསལ་བའི་མདུན་དུ་མེ་རླུང་དང་ན་བུན་དུག་རླངས་སྔོ་དམར་འཁྲིགས་པའི་ཀློང་དུ་ཏྲིཿལས་སྐྱེས་པའི་མེ་འབྲུག་དམར་པོ་ཁ་ནས་དགྲ་ལ་དུག་ཁྲག་དང་ནད་ཀྱི་སྐྱེམས་མདའ་འཕེན་ཅིང་༔ སྣ་ནས་སྐྱི་སེར་ན་བུན་ཐོག་མདའ་འཕྱོ་བ༔ འཇིགས་རྔམས་བལྟར་མི་བཟོད་པའི་སྟེང་དུ་བྷུཿརཿཧཱུྃ་གསུམ་བརྩེགས་མར་གནས་པ་ལས་སྐྱེས་པའི༔ གཟའ་བདུད་དུག་གི་སྤུ་གྲི་སྐུ་མདོག་སྨུག་ནག་དབུ་དགུའི་གཡས་ཞལ་དཀར་བས་ལྷ་ཁམས་དབང་དུ་བྱེད་ཅིང་༔ གཡོན་ཞལ་དམར་བས་ལྷ་སྲིན་སྡེ་བརྒྱད་དང་སྣང་སྲིད་ཀྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་སྡུད་ཅིང་བྲན་དུ་བཀོལ་བ༔ དབུས་ཞལ་གསུམ་སྨུག་ནག་ཁྲོ་གཏུམ་འབར་བས་ཀླུ་གཉན་དང་ས་བདག་ཐམས་ཅད་ཟིལ་གྱིས་གནོན་ཅིང་འབངས་སུ་བཀོལ་ཏེ་བསྟན་དགྲ་གདུག་པ་ཅན་གྱི་སྲོག་ལ་རྒོལ་ཞིང་ཤ་ལ་རྔམས་ཏེ་ཁྲག་ལ་གདུང་བ༔ རལ་པ་ཁམ་ནག་སྲིད་རྩེར་འབར་བའི་ཁྲོད་དུ་བྱ་རོག་གི་གདོང་ནག་པོས་ཤ་སྐད་ལྷང་ལྷང་སྒྲོགས་པ༔ ཕྱག་བཞིའི་གཡས་ཀྱི་དང་པོ་ན་རལ་གྲི་མེ་འབར་བ་ཀླད་ལ་བསྐོར་ཞིང་གཡོན་གྱི་དང་པོ་ན་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས་བསྣམས་པ༔ འོག་མ་གཉིས་ཀྱི་རྭ་ཡི་མདའ་གཞུ་དགྲ་བོའི་སྙིང་ལ་གཟིར་ཞིང་ཐོག་མདའི་ཚྭ་ཚྭ་འཕྲོ་བ༔ རོ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ༔ རིན་པོ་ཆེའི་ཕྲེང་བ་དང་གདོལ་པ་ནག་པོའི་དོ་ཤལ་བྱས་ཤིང་སྦྲུལ་རིགས་བཞིའི་གདུ་བུ་བྱས་པ༔ ཁྲོ་གཏུམ་རྔམས་འཇིགས་བལྟར་མི་བཟོད་པ་ཞིག་ཏུ་བསྐྱེད་དོ༔ དེའི་ཕྱི་རིམ་དུ་སྤྲུལ་པའི་གཟའ་བརྒྱད་ནི༔ ཤར་དུ་ཟླ་བ་དང་ལྷག་པ་དཀར་པོ་ཆུ་འབྲུག་དཀར་པོ་ལ་ཞོན་པ༔ ལྷོ་རུ་པ་སངས་དང་སྤེན་པ་སེར་པོ་གསེར་འབྲུག་སེར་པོ་ལ་ཞོན་པ༔ ནུབ་ཏུ་ཉི་མ་དང་མིག་དམར་དམར་པོ་མེ་འབྲུག་དམར་པོ་ལ་ཞོན་པ༔ བྱང་དུ་ཕུར་བུ་དང་དུ་བ་མཇུག་རིང་ལྗང་ནག་རླུང་འབྲུག་ལྗང་ནག་ལ་ཞོན་པ༔ ཀུན་ཀྱང་དབུ་དང་ཕྱག་དང་ཕྱག་མཚན་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པའོ༔ མཚམས་བཞིར་གདོང་མོ་མཆེད་བཞི་ནི༔ ཤར་ལྷོའི་མཚམས་སུ་ཟོར་སྲིན་སྟག་གི་གདོང་ཅན་དཀར་མོ་སྟག་ལ་ཞོན་ཅིང་ཕྱག་གཉིས་ལྕགས་ཀྱུ་དང་ཞགས་པ་བསྣམས་པ༔ ལྷོ་ནུབ་ཏུ་བམ་སྲིན་དྲེད་ཀྱི་གདོང་ཅན་སེར་མོ་ཕྱག་གཉིས་ཞགས་པ་དང་ནད་རྐྱལ་ཐོགས་པ་དྲེད་མོང་སེར་ནག་ལ་ཞོན་པ༔ ནུབ་བྱང་དུ་ཀོང་སྲིན་བ་གླང་གི་གདོང་ཅན་བ་གླང་དམར་པོ་ལ་ཞོན་པ་ཕྱག་གཉིས་ལྕགས་སྒྲོག་དང་ཐོག་མདའ་བསྣམས་པ༔ བྱང་ཤར་དུ་འབྲོག་སྲིན་ཆུ་སྲིན་གྱི་གདོང་ཅན་ཆུ་སྲིན་ལ་ཞོན་པ་ཕྱག་གཉིས་དྲིལ་བུ་དང་ནད་རྐྱལ་ཐོགས་པ་ལ༔ དེ་དག་ཐམས་ཅད་མི་སྲུན་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ནོ༔ དེའི་ཕྱི་རིམ་དུ་རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པས་ལྷ་མིའི་ཁྲོམ་ཚོགས་པ་བཞིན་དུ་བསྐོར་ནས་བདག་གི་བཀའ་ཉན་ཅིང་གསུང་སྡོད་པའི་ཚུལ་དུ་བསྐྱེད་དོ༔ དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་༔ འབྱུང་བ་ལྔའི་ཁམས་ནས་འབྱུང་བའི་གཟའ་རྒོད་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་གཉིས་སུ་མེད་པར་ཐིམ་པས་ཁམས་གསུམ་སྲིད་པ་གསུམ་ལ་མངའ་དབང་བསྒྱུར་བའི་མཐུ་ནུས་དང་ལྡན་པར་བསམ༔ དེ་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མངའ་གསོལ་ལ༔ ཀྵ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་དང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ འབོད་དོ་གཟའ་བདུད་འཁོར་དང་བཅས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ ནམ་མཁའི་མཐོང་ནས་གཤེགས་སུ་གསོལ༔ ས་ཆུའི་དབྱིངས་ནས་གཤེགས༴མེ་རླུང་དབྱིངས་ནས་གཤེགས༴དུར་ཁྲོད་གཙུག་ལག་ཆོས་འཁོར་དང་༔ སྣང་སྲིད་ཀུན་ནས་གཤེགས༴བསྐྱེད་ཅིང་སྒྲུབ་པའི་གནས་འདིར་བཞུགས༔ ཕྲིན་ལས་སྒྲུབ་ཕྱིར་ཕྱག་ཀྱང་འཚལ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་ལ༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང་༔ རིན་ཆེན་གོ་མཚོན་དར་ཟབ་རིགས༔ རྩི་བཅུད་འབྲུ་སྨན་སྣ་ཚོགས་དང་༔ གཟུགས་འགྲོས་དཀོན་ནོར་ལོངས་སྤྱོད་ཚོགས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ཅིག༔ བྷུ་ཏྲི་རཀྴ་རཱ་ཧུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧི༔ སརྦ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ སརྦ་ག་ན་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ལ༔ ཀྵ༔ སྔོན་ཚེ་འདས་པའི་བསྐལ་པ་ལ༔ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ རིན་ཆེན་སྙིང་པོའི་སྤྱན་སྔ་རུ༔ ཐེག་པ་གསུམ་གྱི་དོན་ལ་སྤྱོད༔ ས་བརྒྱད་གནོན་པའི་སེམས་དཔའ་སྟེ༔ གསང་སྔགས་བསྟན་ལ་རབ་གདུང་སྟེ༔ དྲང་སྲོང་དམོད་པ་མཐུ་བཙན་པས༔ ལས་ལས་གྲུབ་པའི་སྟོབས་པོ་ཆེ༔ མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ༔ མྱུར་མགྱོགས་བར་སྣང་གློག་ལ་འགྲན༔ དྲག་རྩལ་གནམ་ལྕགས་ཐོག་ལས་ཆེ༔ མཐུ་སྟོབས་བདག་པོ་ཁྱོད་ལ་བསྟོད༔ མཁའ་དབྱིངས་ནམ་མཁའི་ཁྱོན་ཀུན་ཁྱབ༔ སྣོད་དང་བཅུད་ཀྱི་བླ་ལ་འཇུག༔ ཉམས་པའི་བླ་ཚེ་སྲོག་ལ་བཟའ༔ བསྟན་དགྲའི་ཚེ་དང་དུས་མཐའི་བདུད༔ དྲག་ཤུལ་བདག་པོ་ཁྱོད་ལ་བསྟོད༔ འབྱུང་བ་ལྔ་ལ་དབང་བྱེད་ཅིང་༔ སྐྱེ་འགྲོའི་ཤ་ཁྲག་ཟས་སུ་རོལ༔ དུས་བཞིའི་ལེགས་ཉེས་གཉེར་ཁ་འཛིན༔ རྡོ་རྗེ་ཐེག་པའི་བསྟན་སྲུང་བ༔ སྣ་ཚོགས་གཟུགས་སུ་བརྫུ་བ་མཁན༔ ཁམས་གསུམ་ཀུན་ཏུ་ཐོགས་མེད་རྒྱུ༔ དྲག་ཤུལ་བདག་པོ་ཁྱོད་ལ་བསྟོད༔ དབུ་དགུས་ཐེག་པ་རིམ་དགུ་སྲུང་༔ སྤྱན་སྟོང་སྲིད་གསུམ་ས་ལེར་གཟིགས༔ ཕྱག་བཞིས་ལས་བཞི་ཁ་ལོ་བསྒྱུར༔ འདོད་ཆགས་ཁྭ་གདོང་འདོད་ཁམས་འགུགས༔ ཞེ་སྡང་སྦྲུལ་གྱི་མཇུག་མ་ཡིས༔ དུག་རླངས་ནད་རླངས་སྤྲིན་བཞིན་གཏིབ༔ ལྟོ་ཞལ་རྟག་ཆད་མཐའ་བཞི་འཇོམས༔ ཁ་རླངས་ནད་ཀྱིས་ཡོ་ལངས་འགྱེད༔ མེ་འབྲུག་རླུང་གི་གཤོག་ལྡན་ཞོན༔ གཟའ་བརྒྱད་ཞག་གི་ཕོ་ཉར་འགྱེད༔ དུས་བཞིའི་རྒྱལ་མོ་གྲོགས་དང་མཛའ༔ རྒྱུ་སྐར་ཉེར་བརྒྱད་བྲན་དུ་བཀོལ༔ ལྷ་སྲིན་སྡེ་བརྒྱད་འབངས་དང་གཡོག༔ འཇིག་རྟེན་དབང་ཕྱུག་མཐུ་བོ་ཆེ༔ རྡོ་རྗེ་ཅན་གྱི་བཀའ་སྡོད་པ༔ ཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད༔ དེ་ནས་ནམ་མཁའི་གཟའ་རྒོད་མཐིང་ནག༔ ཆུའི་གཟའ་རྒོད་དཀར་པོ༔ ས་ཡི་གཟའ་རྒོད་སེར་པོ༔ མེ་ཡི་གཟའ་རྒོད་དམར་པོ༔ རླུང་གི་གཟའ་རྒོད་ལྗང་ནག་གི་རྣམ་པར་བཞེངས་ཏེ་བྱུང་ནས་མཚོ་ལ་ཁ་ཆར་བབ་པ་ལྟར་བསྐྱེད་པའི་ལྷ་ལ་རེས་མོས་སུ་ཐིམ་པར་བསྒོམ་པ་དང་༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་གཟའ་མཆོག་ཆེན་པོའི་རྣམ་པར་ཁ་བ་དང་བུ་ཡུག་འཚུབས་པ་ལྟར་བྱུང་ནས་བསྐྱེད་པའི་ལྷ་ལ་ཐིམ་པར་བསྒོམ་པ་ལས་ཤེས་པ་གཞན་དུ་མ་ཡེངས་པར་དམིགས་གནད་འདི་ལ་འབད་པ་དང་༔ མི་ཚིག་གིས་བར་མ་ཆོད་པར་འབོད་སྔགས་བཟླ་བ་དང་༔ སྟན་གྱི་དྲོད་མ་ཡལ་བར་སྡོད་ཚུགས་པའི་སྒྲུབ་པ་ལ་འབུང་བར་བྱ་བ་གནད་དང་སྙིང་པོར་གྱུར་པ་ཡིན་ནོ༔ འབོད་སྔགས་ནི༔ ཧྲཱིཿཏྲི་རཀྴ་རཱ་ཧུ་ལ་ཤག་རུ་རཾ་ན་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧེ་ཧེ་ཡོ་གེ་ཤ་ལ་ས་མ་ཡ་ཧྲཱིང་ཛ་ཛཿཞེས་བརྗོད་པའི་ཚེ་ཐོག་འཚེགས་འོད་འཁྱུགས་མེ་སྟག་འཕྲོ་བ་སྒོ་བརྡུང་བ་གཞོབ་དྲི་མནམ་པ༔ དཀྱིལ་འཁོར་དུ་བྱ་རོག་གི་སྐད་འདོན་པ་གཏོར་མ་ལ་མེ་འབར་བ་རྨི་ལམ་དུ་དམག་དང་ཁྲོམ་གྱི་འདུ་འཚོགས་རྨི་བ་རྣམས་འབོད་རྟགས་སུ་འབྱུང་བ་ཡིན༔ དུས་བཞིར་ཤ་ཁྲག་འཚོགས་པའི་གཏོར་མ་ཅི་མང་བཏང་ཞིང༔ མཆོད་གསོལ་བྱ་བ་དམར་གསུར་གྱི་རྒྱུན་མི་བཅད་པ་གནད་དུ་ཤེས་པར་བྱའོ༔ བསྒྲུབ་པའི་སྔོན་དང་བསྒྲུབ་པའི་དུས་སུ་ཚོགས་བསྐང་ཅི་མང་བཏང་༔ གནད་དེས་བསོད་ནམས་ལོངས་སྤྱོད་བསྐྱེད༔ ལྐོག་མར་གསང་བའི་དམིགས་གནད་ནི༔ ཞལ་ཤེས་བཞིན་དུ་བཟུང་བར་གྱིས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱིས་སྲུངས་ཤིག༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་སློབ་བུ་བཱིདྱ་བྷ་དྲའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།