TTDL-ZABTER-15-BA-129

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-129

སྲུང་མའི་ཚོགས་བསྐང་བསྡུས་པ་ནི༔ ཨོཾ་ཨཱཿཧཱུྃ༔ བྷྱོ༔ ཡེ་ཤེས་དབྱིངས་དང་དབྱིངས་བཞུགས་ཀྱི༔ རྗེ་མོ་ཨེ་ཀ་ཙ་ཏི་སོགས༔ སྲིད་པ་མ་མོའི་དཀྱིལ་འཁོར་དང་༔ བཀའ་སྲུང་ཆོས་སྐྱོང་དྲེགས་པ་ཅན༔ གནོད་སྦྱིན་ནོར་ལྷ་གཏེར་གྱི་བདག༔ སྲིད་པ་ཕོ་རྒྱུད་མོ་རྒྱུད་ཀྱི༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ སྣང་སྲིད་ཡུལ་ལྷ་གཞི་བདག་རྣམས༔ མ་ལུས་འདིར་གཤེགས་ཚོགས་ལ་རོལ༔ འདོད་ཡོན་རྒྱན་གྱི་ཚོགས་ལ་རོལ༔ དཀར་མཆོད་བདུད་རྩིའི་ཚོགས་ལ་རོལ༔ ཤ་ཁྲག་དམར་གྱི་ཚོགས་ལ་རོལ༔ བསྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་བསྒྲུབ༔ འགལ་རྐྱེན་དགྲ་བགེགས་རྡུལ་དུ་རློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ས་མ་ཡ་ག་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ ཞེས་གཙང་ཕུད་གཙང་སར་གཤེགས༔ ཞེས་པའང་བདུད་འཇོམས་པས་སོ།།།།