TTDL-ZABTER-13-PA-086

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-086

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་གནོད་སྦྱིན་བཙན་རྒོད་ཆེན་པོའི་བསྐང་གསོལ་འདོད་དོན་ལྷུན་གྲུབ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༡༩ན་མོ་གུ་རུ་ཝེ༔ འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་སྤེལ༔ ཀྱཻ༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་རུ༔ བཙན་མཁར་དམར་པོའི་ནང་ཤེད་ནས༔ བཙན་རྒྱལ་གནོད་སྦྱིན་ཙི་མ་ར༔ དད་དང་དམ་ཚིག་གཉན་གྱིས་འབོད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བདག་གི་གྲོགས་དང་སྲུང་མར་བཞུགས༔ གོ་མཚོན་དར་གོས་སྣ་ཚོགས་དང་༔ གཟུགས་འགྲོས་སྣ་ཚོགས་རིན་ཆེན་རིགས༔ འབྲུ་སྣ་སྨན་སྣ་དཀར་གསུམ་དང་༔ ཤ་ཁྲག་འདོད་ཡོན་སྣ་ཚོགས་དང་༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཀྱིས༔ གནོད་སྦྱིན་ཙི་དམར་ཐུགས་དམ་བསྐང་༔ རོལ་པ་སྐྱ་བདུན་ཐུགས༴འཁོར་དང་བཅས་པའི་ཐུགས༴གསོལ་ལོ་མཆོད་དོ་བྱམས་བརྩེས་སྐྱོངས༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ གང་བསམ་འདོད་དོན་ལྷུན་གྲུབ་ཅིང་༔ དཔལ་དང་གདུལ་བྱ་ལོངས་སྤྱོད་ཚོགས༔ མངའ་ཐང་ནུབ་མེད་འཕེལ་རྒྱས་མཛོད༔ སྒྲུབ་པ་པོ་ལ་འཁུ་ལྡོག་དང་༔ གདུག་རྩུབ་སྤོང་ལ་བྱམས་བརྩེས་སྐྱོངས༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ འདི་ཉིད་གྲངས་མང་བརྗོད་ནུས་ན༔ དྲེགས་པ་བྲན་ཁོལ་དགོས་འདོད་འབྱུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་གདུང་སྲས་ཡེ་ཤེས་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།། ཡང་ན་གསོལ་མཆོད་འདི་ཡང་བརྗོད༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ གནོད་སྦྱིན་ཙི་དམར་གཤེགས་སུ་གསོལ༔ རོལ་པ་སྐྱ་བདུན་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ལ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ལྟར་གསོལ་མཆོད་གྲངས་ལྡན་པས༔ མི་འབྲལ་གྲོགས་བྱེད་ཕྲིན་ལས་བསྒྲུབ༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་འགྱུར༔ ས་མ་ཡ༔ བདུད་འཇོམས་པས་སོ།།ཤུ་བྷཾ།།།།