TTDL-ZABTER-18-TSHA-055
TTDL-ZABTER-18-TSHA-055
སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །ཨོ་རྒྱན་མཚོ་སྐྱེས་རྗེ་དང་ས་ར་ཧ། །ཡེ་ཤེས་མཁའ་འགྲོ་མང་པོས་ལུང་བསྟན་ལས། །བདག་གི་ཟབ་ཆོས་བདག་པོར་བཀའ་བབས་པས། །སྒོམ་དང་སྒྲུབ་ལ་རྩེ་གཅིག་འབད་པ་དང་། །ལས་འབྲེལ་ལྡན་པའི་སྔགས་སྐྱེས་དམ་ལྡན་ཚོགས། །ནམ་བྱུང་དུས་ན་སྐྱོ་ངལ་མེད་པ་ཡིས། །གདམས་པའི་ཡང་བཅུད་རྫོགས་པ་ཆེན་པོ་དང་། །བདུད་གཅོད་ཟབ་མོའི་སྒོ་འདི་བསྟན་མཛོད་དང་། །ཉན་ནས་ཉམས་སུ་ལེན་པའི་སྐྱེས་བུ་རྣམས། །མི་བསླུ་ཚེ་འདིར་རིག་འཛིན་ས་འཐོབ་འགྱུར། །ཤིན་ཏུ་མི་སྲུན་ཤན་པ་ཡིན་ཀྱང་རུང་། །རྫོགས་པ་ཆེན་པོའི་ལམ་ལ་ཞུགས་ནས་སུ། །སྙིང་པོའི་སྒྲུབ་པ་ལོ་གསུམ་བྱས་གྱུར་ན། །སྐྱེ་བ་གསུམ་ལས་རིང་པོར་མི་ཐོགས་པར། །རྫོགས་པའི་སངས་རྒྱས་འགྲུབ་པར་གདོན་མི་ཟ། །ཁྱད་པར་འོད་གསལ་ཐོད་རྒལ་ཆེན་པོའི་ལམ། །མཐོང་ནས་ལོ་གསུམ་བར་མེད་ཉམས་ལེན་ན། །བར་དོ་དང་པོར་གྲོལ་འགྱུར་ཐེ་ཚོམ་མེད། །ཅེས་གསུངས་ཨོ་རྒྱན་ཆེན་པོའི་བཀའ་ཚད་མ། །དེ་ཕྱིར་གཞན་དོན་བུ་སློབ་སྐྱོང་མཛོད་ཅིག།སངས་རྒྱས་བསྟན་འཛིན་བྱ་བ་གཞན་ན་མེད། །གདམས་ངག་འདི་འདྲ་སྟོང་གསུམ་གང་ནའང་དཀོན། །བདེན་རྫུན་རྒྱལ་ཁམས་ཀུན་ལ་ལྟོས་དང་གསལ། །དེ་ཕྱིར་འགྲོ་དོན་ཅི་འགྲུབ་མཛོད་ཅིག་དང་། །འབྲེལ་ཚད་རིག་འཛིན་ཞིང་དུ་ངེས་པར་འཕེན། །མི་བསླུ་ངེས་པར་རྡོ་རྗེ་འཆང་གི་བཀའ། །ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་རང་སློབ་རྡོ་རྗེ་རྣལ་རྒྱལ་ལ་བརྩེ་བས་གདམས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །དགེའོ། །དགེའོ། །། །