DJYD-KABUM-15-BA-010

From Dudjom Wiki
Revision as of 05:19, 1 June 2024 by Jeremi (talk | contribs)

DJYD-KABUM-15-BA-010
Wylie title DJYD-KABUM-15-BA-010.pdf
Location bdud 'joms rin po che bka' 'bum
Volume 15, Text 10, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(སྐོང་བ་བྱ་བར་སྤྲོ་ན་བསྐང་རྫས་སུ་འོས་པའི་ཡོ་བྱད་ཅི་འབྱོར་བ་བཤམ་ཞིང་རྒྱ་ཆེར་སྤེལ་ལ།)ཧཱུྃ། བདེ་ཆེན་འགྱུར་མེད་ཀུན་བཟང་དབྱིངས། །འོག་མིན་རྔ་ཡབ་དཔལ་གྱི་རི། །པདྨ་འོད་ཀྱི་གཞལ་ཡས་ནས། །རིག་འཛིན་པདྨ་ཐོད་ཕྲེང་རྩལ། །ཁྲག་འཐུང་ཁྲོ་བོར་རྣམ་རོལ་པ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་རྒྱ་མཚོར་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཀུན་བཟང་འབྱོར་པ་རྒྱ་མཚོའི་དཔྱིད། །ངོ་མཚར་ནམ་མཁའི་མཛོད་ཀྱི་སྤྲིན། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་པ་ཀུན་གྱིས་ཐུགས་དམ་བསྐང་། །མེ་ཏོག་སྤོས་དང་སྣང་གསལ་དང་། དྲི་མཆོག་བཤོས་གཙང་རོལ་མོའི་སྒྲ། །རྒྱལ་སྲིད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་རྫས་བརྒྱད་ཀྱིས་བསྐང་། །དབང་པོའི་མེ་ཏོག་གསུར་ཆེན་སྤོས། །ཞུན་མར་ཁྲག་མཁྲིས་བྱུག་པའི་མཚོ། །ཤ་ཚིལ་རུས་བཅུད་ཞལ་ཟས་དང་། །ཐོད་རྔ་རོལ་མོས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་མ་ད་ན། །དགྲ་བགེགས་སྙིང་ཁྲག་འཁྲུགས་པའི་མཚོ། །དམ་རྫས་བརྗིད་ལྡན་གཏོར་མ་དང་། །མཉམ་སྦྱོར་བདེ་བས་ཐུགས་དམ་བསྐང་། །རྔམས་བརྗིད་དུར་ཁྲོད་ཐོད་པའི་མཁར། །ཞིང་ལྤགས་བླ་རེ་རྒྱུ་རློན་གྱི། །དྲྭ་ཕྱེད་དོན་སྙིང་འཕྱང་འཕྲུལ་སོགས། །དྲག་པོའི་དཀྱིལ་འཁོར་(1བ)ཆེན་པོས་བསྐང་། །ཐོད་སྐམ་དབུ་རྒྱན་ཞིང་གླང་གོས། །མགོ་ཕྲེང་སྦྲུལ་ཆུན་སྟག་ཤམ་དང་། །ཁྲག་ཞག་ཐལ་ཆེན་རུས་རྒྱན་སོགས། །དཔལ་གྱི་ཆས་གོས་དུ་མས་བསྐང་ ། སྔགས་བྱང་གླེགས་བམ་བགྲང་ཕྲེང་དང་། །རྔ་དང་རྔ་ཆེན་འཁར་རྔ་དུང་། །ཅང་ཏེའུ་དྲིལ་བུ་རྐང་གླིང་དང་། །བཤུགས་པའི་བརྡ་ཡིས་ཐུགས་དམ་བསྐང་། །རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་འཁོར་ལོ་ཁ་ཊྭཱྃ་ཀ །གྲི་གུག་མདུང་ཐུང་བྷཉྫ་སོགས། །ཕྱག་མཚན་མང་པོས་ཐུགས་དམ་བསྐང་། །སྲ་བརྟན་གོ་དང་རྣོ་ངར་མཚོན། །མཁའ་ལྡིང་བྱ་དང་གཡག་ལུག་ཁྱུ། །གཅན་གཟན་གཏུམ་བརྗིད་དཔའ་བོའི་ཚོགས། །འབུམ་ཕྲག་མང་པོས་ཐུགས་དམ་བསྐང་། །མཛེས་པའི་རྒྱན་ཆ་དར་ཟབ་དང་། །རིན་ཆེན་སྨན་སྤོས་འབྲུ་བཅུད་ཚོགས། །མཐུན་པའི་དཀོར་ནོར་དམ་ཚིག་རྫས། །དཔག་ཡས་ནམ་མཁའ་གང་བས་བསྐང་། །ཀ་དག་ཆོས་སྐུར་བྱང་ཆུབ་གདངས། །འགགས་མེད་དཀྱིལ་འཁོར་ལྷར་ཤར་བའི། །ཡེ་ཤེས་སྒྱུ་མ་ཆེན་པོ་ཡིས། །འཁོར་འདས་རོ་མཉམ་དབྱིངས་སུ་བསྐང་། །མེད་བཞིན་ཤར་བའི་གཟུང་འཛིན་དགྲ། །རྟོགས་གྲོལ་སྲུང་ཟློག་བསད་པ་དང་། །མནན་སྲེག་འཕང་བའི་ལས་སྦྱོར་གྱིས། །སྲིད་རྩ་དབྱིངས་སུ་གཅོད་ཕྱིར་བསྐང་། །གཞི་དབྱིངས་འགྱུར་མེད་ཐོད་ཕྲེང་རྩལ། །བསྐྱེད་རྫོགས་ལམ་གྱི་རྣལ་འབྱོར་གྱིས། །མངོན་པར་བྱང་ཆུབ་འབྲས་བུའི་སྐུ། །ཀློང་དུ་གྱུར་པའི་དགོངས་པ་ཡིས། །རྩ་བརྒྱུད་བླ་མ་མཆོག་གསུམ་དང་། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལྷ། །ཁྱད་པར་ཁྲག་འཐུང་གྲོ་ལོད་རྩལ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བདེ་གཤེགས་ཀུན་འདུས་འཁོར་ལོའི་མགོན། །པདྨ་ཐོད་ཕྲེང་ཐུགས་དམ་བསྐང་། །ཁྲག་འཐུང་རྒྱལ་པོ་དཀྱིལ་འཁོར་གཙོ། །བདུད་འདུལ་འབར་བའི་ཐུགས་དམ་བསྐང་། །བདེ་ཆེན་ཤེས་རབ་སྒྲོལ་བའི་ཡུམ། །ཟ་བྱེད་སྟག་མོའི་ཐུགས་དམ་བསྐང་། །གཏུམ་དྲག་རྔམས་བརྗིད་ཀླུ་གདོན་འདུལ། །མཁའ་ལྡིང་རྒྱལ་པོའི་ཐུགས༴ ཐོགས་མེད་དྲག་རྩལ་ཕྲིན་ལས་བདག །ལྕགས་སྡིག་ནག་པོའི༴ ཡེ་ཤེས་བཞི་དངོས་དངོས་གྲུབ་བདག །མཁའ་འགྲོ་སྡེ་བཞིའི༴ ཚད་མེད་བཞི་དངོས་ལས་བཞི་མཛད། །དཔའ་བོ་གིང་བཞིའི་ཐུགས་དམ་བསྐང་། །བར་ཆད་ཀུན་སྲུང་མཐུ་སྟོབས་བདག །རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང་། །རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང་། །དམ་ཅན་གཏེར་སྲུང་ཐུགས་དམ་བསྐང་། །དེ་ལྟར་སྐོང་བའི་དམ་ཚིག་གིས། །ཐུགས་དམ་གཉན་པོ་བསྐངས་གྱུར་ནས། །རྣལ་(2བ)འབྱོར་དམ་ཚིག་ཉམས་ཆག་བཤགས། །ཉེས་པའི་སྒྲིབ་ཚོགས་དག་གྱུར་ཅིག །རྐྱེན་ངན་ཕྱི་ནང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །(ཞེས་པའང་བྱིན་རླབས་ཀྱི་བབ་ཆེ་བའི་ཕྱིར་རིག་འཛིན་གཏེར་བདག་གླིང་པའི་རྡོ་རྗེའི་གསུང་སོར་བཞག་ལ་ཚིག་ཕྲད་འགའ་ཞིག་བསྒྱུར་བ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།སརྦ་དཱ་མངྒ་ལཾ།། །།)