DJYD-KABUM-15-BA-018

From Dudjom Wiki
Revision as of 12:42, 17 July 2024 by Mort (talk | contribs)

DJYD-KABUM-15-BA-018
Wylie title DJYD-KABUM-15-BA-018.pdf
Location bdud 'joms rin po che bka' 'bum
Volume 15, Text 18, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 15: . Kalimpong: Dupjung Lama, 1979-1985.
Side notes   Verso: gro lod
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre
Cycle བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ (bdud 'dul dbang drag rdo rje gro lod)
Deity rdo rje gro lod
[edit]
༄༅། །བདུད་འདུལ་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་ཕྲིན་ལས་མཐའ་སྡུད་མནན་པའི་ལས་རིམ་རྡོ་རྗེའི་ལྷུན་པོ་ཞེས་བྱ་བ་བཞུགས་སོ། །། ། (1བ)ན་མོ་མཧཱ་གུ་རུ་བཛྲ་ཀྲོ་ངྷ་ལོ་ཀོཏྟ་རཱ་ཡེ།(མངོན་སྤྱོད་དྲག་པོའི་མན་ངག་སྲུང་བའི་མཐར་སྡུད་དགྲ་བགེགས་མནན་པའི་ལས་རིམ་ལ་འཇུག་པར་འདོད་པས། སྦྱོར་བ་ལྕགས་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་ཕུང་གསུམ་བདུད་ཀྱི་ཉི་མ་སོགས་ཤིན་ཏུ་རྩུབ་པའི་དུས་གནད་ངེས་པ་ཅན་གྱི་སྐབས་སུ་བབས་པ་ན། དྲག་པོའི་གནས་སུ་འོས་པར་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་དུ་བླ་མ་ཡི་དམ་ཆོས་སྐྱོང་དང་བཅས་པའི་གཏོར་མ་དང་ཕྱི་ནང་གི་མཆོད་པ་རྣམས་ལེགས་པར་བཤམས་པའི་ཉེ་འདབས་སུ། །གདུག་པའི་ས་སྣ་རྣམས་ལས་སྟེགས་བུ་མདའ་གང་གྲུ་བཞི་པ་རོ་སོལ་གྱིས་ནག་པོར་བྱས་པའི་དབུས་སུ་བྲུབ་ཁུང་ཁ་ཁྱེར་གསུམ་ལྡན་གྱི་ནང་དུག་ཁྲག་དང་ཕྱིར་རོ་སོལ་གྱིས་དམར་ནག་ཏུ་བྱུགས་ཤིང་མཐའ་རྩང་དམར་སྲིན་མོ་འགྲོས་སུ་བཙུགས་པས་བསྐོར་བའི་ནང་དུ་གཤོག་ལ་དགྲ་འདྲེ་གང་ལ་བྱ་བའི་ལིངྒ་མན་ངག་ལྟར་(2ན)བྲིས་ཏེ་དྲི་བྲལ་དུ་བྱས་པ་བཅུག་པའི་ཁ་རོ་གཡམ་གྱིས་བཅད། དེ་སྟེང་མཉྫིའི་ཁར་གོང་གནོན་གྱི་གཏོར་ཆེན་འཁོར་གྱི་བཤོས་བུས་གཏམས་པ་དྲག་རྒྱན་རྔམས་བརྗིད་ཅན་འཕང་བའི་སྐབས་ལྟར་འདུ་བྱས་པ་བཀོད། དྲག་ཤིང་གི་ཨེ་ཁྲོམ་ལ་བརྟེན་པའི་ཕུང་རེའམ་སྣམ་རས་ཀྱི་གུར་ཕུབ་ལ་ཉི་ཟེར་མར་མེའི་མདངས་མི་ཕོག་ཅིང་བདུད་རྩིའི་ཟེགས་མ་མི་འཐོར་བར་བྱས་ལ་མཐའ་དྲག་པོའི་མཆོད་པས་བསྐོར། གཞན་ཡང་དབྱེ་རྫས་ཐུན་རྫས་མནན་ཐོད་ཕུང་རེ་བྱད་ཐག་རོ་གཡམ་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། དངོས་གཞི་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་དང་མདུན་གྱི་གཏོར་ཆེན་གཉིས་ཀ་གྱེར་ཚིག་གིས་མཉམ་དུ་བསྒྲུབ་ནས་བཟླས་པའི་སྐབས་སྲུང་བའི་དམིགས་བཟླས་ལ་གཙོ་བོར་བྱ། དེ་ནས་སྨད་ལས་བཞིན་བསྐུལ་བ།(2བ)གསེར་སྐྱེམས་གཟུ་དཔང་། བྲུབ་ཁུང་དམིགས་བྱ་བསྐྱེད་པ་རྣམས་སྔོན་དུ་འགྲོ་བས། བདག་མདུན་གྱི་ཐུགས་ཀ་ནས་སྤྲུལ་བའི་ལས་བྱེད་ཀྱི་ཁྲོ་བོ་ཡཀྵ་མེ་དབལ་བསམ་གྱིས་མི་ཁྱབ་པ་སྐར་ལྟར་འཁྲུགས་པ་སྟོང་ཁམས་ཁྱབ་པར་འཕྲོས། དམིགས་བྱ་དགྲ་འདྲེ་འབྱུང་པོ་འཁོར་བཅས་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་སྐེ་ནས་བཅིངས། ལྕགས་སྒྲོགས་གིས་ཡན་ལག་བསྡམ། དྲིལ་བུས་མྱོས་པར་བྱས་ཏེ་རང་དབང་མེད་པར་ལས་ཀྱི་རླུང་དམར་གྱི་རྟ་ལ་བསྐྱོན་ཏེ་བྲུབ་ཁུང་གི་ལིངྒ་ལ་ཐིམ་པར་བསམ་ཞིང་བདེན་སྟོབས་འགུགས་གཞུག་ཅི་མང་མཐར་བླ་འགུགས་ཀྱི་སྔགས་ནི། རྩ་སྔགས་གཟིར་སྔགས་ཅན་གྱི་ཤམ་དུ། དགྲ་བོ་སོགས་དགྲ་འདྲེ་གང་ཡིན་གྱི་མིང་སྤེལ་ལ། བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུནྟྲི་ཛཿཧཱུྃ་བྃ་ཧོཿ (ཞེས་སྟོང་ངམ་བརྒྱ་རྩ་ལས་མི་ཉུང་བས་བཀུག་ལ་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བྱ། ཐུན་མཚམས་སུ་སྨད་ལས་བཞིན་ཐུན་གཏོར་འབུལ། དེ་ལྟར་ཐོག་མར་འགུགས་པའི་ལས་ཉིད་ཁུག་རྟགས་མ་བྱུང་གི་བར་དུའམ་ཞག་གྲངས་ཇི་ཙམ་བྱེད་པ་ཆ་གཉིས་སུ་བགོས་པའི་ཆ་གཅིག་ལ་འབད་དོ། །དེ་ནས་བར་དུ་གཟིར་བའི་ལས་ལ། བདག་ཉིད་ཡི་དམ་དུ་གསལ་བའི་ཤངས་བུག་དང་བ་སྤུའི་བུ་ག་ཐམས་ཅད་ནས་ལས་བྱེད་ཀྱི་ཁྲོ་བོ་ནམ་མཁའ་གང་བར་སྤྲོས། ཁོའི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་(3ན)གིས་ཁྱེར་བ་ལྟར་བསྐྲད་པར་བསམ་ལ་རྫས་ངན་གྱིས་བདུག་ཅིང་སྨད་ལས་བཞིན་ལྷ་དབྱེ་དང་གཟུགས་ལ་དབབ་པའི་ལས་བསྐུལ་མཐར། རང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་དམིགས་བྱ་རྣམས་ལ་ཕོག་པས། བ་མོ་ལ་ཉི་ཟེར་ཕོག་པའམ་མེ་ཏོག་སད་ཀྱིས་ཁྱེར་བ་ལྟར་བཀྲག་མདངས་ཉམས། བདག་མདུན་དང་བྲུབ་ཁུང་ཁའི་རྩང་རྣམས་ཤན་པ་ཕོ་མོའི་ངོ་བོར་གསལ་བའི་ཞལ་ནས་སྔགས་སྒྲ་དི་རི་རི་བཟླས་པས། དྲག་སྔགས་ཀྱི་འོད་ཟེར་མེ་ལྕེ་རྣོ་ངར་དང་ལྡན་པ་མཚོན་ཆའི་རྣམ་པར་འཕྲོས་ཏེ་ལུས་ཀྱི་ཡན་ལག་ནང་ཁྲོལ་རྣམས་བཅད་གཏུབ་བྱས་ཏེ་ལོ་ཏོག་སེར་བས་བཅོམ་པ་ལྟར་གྱུར། ཡང་དུག་གིས་འཚུབ་ཅིང་ནད་ཀྱིས་གཟིར་ནས་དབང་པོ་ཉམས་ཤིང་རྣམ་ཤེས་མར་མེ་འཆི་ཁའི་འོད་ལྟར་ནག་སྐེམ་སྐེམ་པ་དེ་ཡང་ཐུམ་སེ་བསད་པར་བསམ་ཞིང་། རྩ་སྔགས་གཟིར་སྔགས་ཅན་གྱི་ཤམ་དུ།) ཨོཾ་བཛྲ་ཡཀྵ་ཏྲིག་ནན༔ ཨེ་ཧུར་ཐུམ་ཛཿགཟིར་ནན༔ ཆེ་གེ་མོའི་ཀཱ་ཝ་ཙི་རྦད་རྦད༔ (ཅེས་དྲག་ཏུ་བཟླ་ཞིང་ཐུན་རྫས་ལ་ཁ་རླངས་མ་ཤོར་བར་ལག་ངར་བརྒྱུད་ནས་ཕུས་འདེབས། ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་སྙིང་ཁར་གཟིར་ཞིང་བསྡིགས་པས་གཟུགས་བྱེ་མའི་མཁར་ཆུས་བཤིགས་པ་ལྟར་རྡུལ་དུ་བཅོམ་ནས་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲིའམ་ཏྲི་དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་སྐེམས་(3བ)ཀྱིས་བསད་པར་བསམ་ལ།) ཧཱུྃ༔ ཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན༔ (ཞེས་སོགས་ཀྱིས་ལིངྒ་ལ་ཐུན་བརྡེག །ཐུན་མཚམས་སུ་གོང་བཞིན་ཐུན་གཏོར་ཕུལ་ཞིང་ཕྲིན་ལས་བཅོལ། དེ་ལྟར་བསད་རྟགས་མངོན་དུ་མ་གྱུར་གྱི་བར་རམ་འགུགས་པའི་ཕྱེད་ཆ་ཧམ་དུ་འབད་དོ། །དེ་ནས་ཐ་མ་མནན་པའི་ལས་ལ། མདུན་གྱི་ལིངྒ་དམིགས་བྱ་དངོས་སུ་གསལ་བའི་གནས་ལྔར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ་ལྟེ་བར་སྣ་ཚོགས་རྡོ་རྗེས་མཚན་པ་ལྕི་ཞིང་འཐས་པ་རེ་རེ་དང་། ཡན་ལག་དང་ཚིགས་བཞི་རྣམས་སུ་རྡོ་རྗེ་རྒྱ་གྲམ་རེས་གཟིར་བས་ཉམ་ཐག་གཡོ་འགུལ་མི་ཤེས་པར་བསམ་ལ། རྩ་སྔགས་གཟིར་ཤམ་ཅན་མཐར།) ཨོཾ་བཛྲ་རཀྵ་ཀྲོ་ངྷ་སརྦ་དུཥྚན་ཏྲིག་ནན༔ གནོད་བྱེད་(ཆེ་གེ་མོའི་)ཧཾ་ཤཾ་ཏྲིག་ནན༔ ཧཱུྃ་ལཾ་ཀཱ་ཝཱ་ཙི་མཱ་ར་ཡ་སྟྭམྦྷ་ཡ་ནན༔ (ཞེས་དྲག་ཏུ་བཟླ། མཐར་ཐུན་རྡེག་པ་སོགས་གོང་བཞིན་དང་། ཐུན་གཏོར་གྱི་ཚེ།) རང་གཤེད་ཕོབ་ལ་མཐུ་དང་ནུས་པ་བཤིག༔ (ཅེས་པའི་མཇུག་ཏུ།) ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས༔ ནམ་ཡང་ལྡང་མེད་མནན་པའི་ཕྲིན་ལས་མཛོད༔ (ཅེས་བསྒྱུར་ལ་འབུལ། དེ་ལྟར་མནན་རྟགས་མཐོང་གི་བར་རམ་བསད་པའི་ཕྱེད་ཆ་ཙམ་དུ་འབད། མནན་པ་དངོས་ལ། དགྲ་བགེགས་དེ་རྣམས་དབང་པོ་ཉམས་ཤིང་དབུགས་དང་བྲལ་ནས་འགུལ་ཙམ་ཡང་མི་ནུས་པར་བྱད་ཐག་སྣ་ལྔས་གྲུ་གུ་ལྟར་བསྡམས། སྙིང་ནང་དུ་འཁོར་ལོ་རྩིབས་དགུ་གནམ་ལྕགས་ལས་གྲུབ་པ་རྣོ་ངར་དང་ལྡན་པ་གཡོན་བསྐོར་དུ་དྲག་ཏུ་འཁོར་བས་(4ན)སྙིང་སོགས་ནང་ཁྲོལ་རྣམས་བཅད། ཁོ་ལ་ཟུག་ཟེར་དང་ན་ཚ་སྡུག་བསྔལ་མི་སྐྱེ་བར་བདེ་བའི་ངང་དུ་བརྒྱལ་བར་བསམ་ཞིང་། དྲག་སྔག་བཟླ་བཞིན་པར་ལིང་ག་བྲུབ་ཁུང་ནས་ཕྱུངས་ཏེ་ལྟེབས་ལུགས་གསུམ་པོ་གང་རུང་བས་བལྟབ་ལ་ཤི་ཡུག་གི་སྐྲ་དང་ཚོན་སྐུད་ཀྱིས་བཅིང་། མནན་ཐོད་སོ་སོའི་རང་གཤེད་ཀྱི་གནད་དང་ལྡན་པར་གཞུག་ཅིང་ཐུན་རྫས་ཀྱིས་སེང་མེད་བཀང་སྟེ་ལ་ཆས་བཀག །ཕུང་རེའམ་ཡུག་སའི་ཤ་གོས་ཀྱིས་དྲིལ་ལ་བྱད་ཐག་གིས་བཅིངས་པ་རྩང་རྒྱ་གྲམ་དུ་གཟེར། བདག་མདུན་རྣམས་དང་རང་བཞིན་གྱི་དབྱིངས་ན་བཞུགས་པའི་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་སྐུ་དང་ཕྱག་མཚན་སོགས་ལས་འོད་ཟེར་དམར་ནག་མེ་རླུང་འཚུབས་ཤིང་སྲ་མཁྲེགས་མཚོན་ཆའི་རང་བཞིན་ཐོད་པ་ལ་བསྟིམས་པས། ཐོད་པ་ཤིན་ཏུ་སྲ་ཞིང་བརྟན་པ་དགྲ་བགེགས་བསྐལ་པའི་བར་དུ་མི་ལྡང་བའི་བཙོན་ཁང་སྲུབས་སེང་མེད་པར་བསམ་ཞིང་། དྲིལ་ཆས་ཀྱང་བསྐལ་པའི་མུན་པ་དང་། རྩང་རྣམས་གཤིན་རྗེའི་ལས་བྱེད་ཤན་པ་ཕོ་མོས་བསྐོར་ནས་ལྡང་མེད་དུ་ཐུབ་པར་སྲུང་བར་ནན་ཏན་དུ་གསལ་གདབ་ལ། རིགས་སྔགས་ཀྱི་བཅིང་། རྒྱ་དང་མནན་སྔགས་རྟེན་འབྲེལ་ནག་པོའི་མན་ངག་བཞིན་རབ་ཏུ་གནས། དེ་ནས་ཟློག་གཞུང་ལྟར་སྒོ་དབྱེ། བསྐུལ་དང་ཆད་མདོ་བསྒྲག་ནས། མནན་རྫས་དང་གོང་གནོན་གྱི་གཏོར་མ་སོགས་ཁྱེར་ཏེ་གང་དུ་མནན་པའི་ས་མིག་ཏུ་མནན་དོང་ཚུལ་བཞིན་བྲུབ་པའི་སར་སླེབས་པ་དང་གསེར་སྐྱེམས་ཕུལ་ཞིང་གཟུ་དཔང་བྱས་ལ། བདག་ཉིད་དབང་དྲག་འཆོལ་བའི་ཕྱག་གཡོན་གྱི་ཕུར་པ་ས་ལ་བཏབ་པས་ས་གཞིགས་ཏེ་རྒྱ་མཚོ་སྔོ་མེར་(4བ)གྱིས་གསལ་བར་གྱུར་པར་མོས་ཤིང་།)ཧཱུྃ༔ རིམ་པ་དགུ་ཡི་ས་འོག་ན༔ སྒོ་མེད་ལས་ཀྱི་བཙོན་ཁང་ནས༔ སྡོམ་འཛིན་ཀླུ་བདུད་མགོ་དགུ་པ༔ གཉན་རྒོད་མང་པོའི་འཁོར་དང་བཅས༔ འདིར་གཤེགས་དྲག་པོའི་ཕྲིན་ལས་མཛོད༔ (ཅེས་རྒྱ་མཚོ་འཁྲུགས་པའི་ཀློང་ནས་ཀླུ་བདུད་མགོ་དགུ་པ་རྩ་བ་ཆུ་སྲིན་གྱི་ཞལ་མུན་པའི་མགོ་ཅན་མི་སྡུག་པའི་གཟུགས་ཁ་གདངས་པ་དུག་གི་རླངས་པ་འཐུལ་ཞིང་ལག་གཉིས་ལེན་པའི་ཕྱག་རྒྱ་ཅན་གཉན་རྒོད་མང་པོས་བསྐོར་བ་མངོན་སུམ་དུ་ལྷགས་པར་བསམ་ཞིང་། ཤ་དུམ་རཀྟས་བྲན་པའི་དམར་གཏོར་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ།)ཧཱུྃ༔ ཀླུ་བདུད་ནག་པོ་འཁོར་བཅས་ལ༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི༔ འབུལ་གྱིས་དགྱེས་པར་རོལ་ནས་ཀྱང་༔ དམ་ཉམས་ལས་ངན་འཁོར་བཅས་རྣམས༔ སྡོམ་འཛིན་མནན་པའི་ཕྲིན་ལས་མཛོད༔ (ཅེས་གཏོར་མ་ཕུལ། སླར་ཡང་འགུགས་འདྲེན་བླ་འགུགས་ལྷ་དབྱེ་རྣམས་ཡིད་ཆེས་པར་བྱས་ནས་མནན་ཆས་ཐོགས་ལ།)ཧཱུྃ༔ རི་རབ་ཆེན་པོའི་རྨང་འོག་ནས༔ རྒྱ་མཚོ་ཆེན་པོ་འཁྲུགས་པའི་ཀློང་༔ ཀླུ་བདུད་ནག་པོ་འཇིགས་པའི་གཟུགས། །ཀླུ་གཉན་ས་བདག་མང་པོས་བསྐོར༔ དམ་ཉམས་ལས་ཀྱི་དགྲ་བོ་རྣམས༔ མནན་པ་ལས་ཀྱི་དུས་ལ་བབ༔ སེམས་ཅན་ལས་ངན་སྡིག་ཅན་འདིས༔ བྱང་ཆུབ་མཆོག་སེམས་མ་སྐྱེས་པར༔ (5ན)ཆུ་སྲིན་གདུག་པའི་གྲེ་བར་རྫོང་༔ ཐར་མེད་ལས་ཀྱི་ལྟོ་བར་ཆུག༔ མ་ཤོར་མ་བཏང་ཤོར་ར་རེ༔ ལྡང་མེད་མནན་པའི་ཕྲིན་ལས་མཛོད༔ (ཅེས་དོང་ནང་དུ་བསྐྱུར་ཏེ་ལྡོག་མེད་ཀྱི་དམོད་པ་བརྗོད་ཅིང་ཐལ་མོ་བརྡབ།) དམིགས་བྱ་ཁོང་ཆུད་ཀླུ་བདུད་ཞལ་བསྡམས་ཏེ། །རི་རབ་རྨང་འོག་རྒྱ་མཚོའི་ནང་དུ་སོང་།(རོ་གཡམ་ལ་སྣ་ཚོགས་རྡོ་རྗེ་དང་སྟོང་ཁམས་བྲིས་པས་ཁ་བཀབ། འབྱུང་བ་གོ་ལྡོག་གི་དམིགས་པ་དང་བཅས་ཏེ་སོ་སོས་རིམ་པར་རྒྱས་འདེབས་ཅིང་།) ནམ་མཁའ་རླུང་མེ་ཆུ་ས་རི་རབ་འོག༔ མནན་པ་ཡིན་ནོ་ལྡང་བར་མ་བྱེད་ཅིག༔ ཨེ་ཡཾ་རཾ་བཾ་སུཾ་ནྲྀ་ཏྲི་སྟྭཾ་བྷ་ཡ་ནན༔ (ཞེས་ས་རྡོས་མི་མངོན་པར་བཀབ་ལ་ལས་བྱང་བཞིན་བྲོ་བརྡུང་། དབང་དྲག་ཧེ་རུ་ཀའི་མཐུ་སྟོབས་དང་ནུས་པར་རྒྱས་བཏབ་ཅིང་། བདེན་པའི་ཚིག་གིས་གཟིར། དྲག་རྩལ་སྟོབས་ཀྱིས་མནན་པར་ཐར་པའི་གོ་སྐབས་མེད་པར་བྱས། དེའི་སྟེང་དུ་སྟོབས་པོ་ཆེ་དུད་ཁ་རི་རབ་རྒྱ་གྲམ་འཛིན་པ་འཁོར་དཔག་ཏུ་མེད་པ་དང་བཅས་པས་ཕོ་བྲང་བཏབ་སྟེ་མནན་པར་བསམ། དེ་ནས་སྨད་ལས་བཞིན་གཏོར་ཆེན་ཟོར་དུ་བསྐུལ་ཏེ་དགྲ་ཕྱོགས་སམ་ཐེབས་ཕྱོགས་སུ་འཕང་། བཤལ་ཆུས་བརྟན་མ་བསྐྱང་། གཏོར་སྣོད་ཁ་སྦུབས་ལ་བྲོ་བརྡུང་། ཕྱིར་བསྙེགས་བཅད་དེ་བསྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། ནང་དུ་ལོག་ནས་ཚེ་འགུགས་བསྐུལ་ཞིང་དངོས་གྲུབ་བླང་བ་སོགས་རྗེས་ཀྱིས་བྱ་བ་རྣམས་གཞུང་(5བ)བཞིན་དུ་བྱའོ། །ཞེས་པའང་གཏེར་ཆེན་མཐུ་སྟོབས་གླིང་པའི་རྣམ་འཕྲུལ་ཨོ་རྒྱན་ཆེ་མཆོག་འདུས་པ་རྩལ་གྱི་བཞེད་སྐོང་དུ། རྩ་བའི་གཞུང་གིས་དངོས་བསྟན་རིགས་མཐུན་གྱི་ངག་འདོན་ཁ་སྐོང་དུ་བསྡེབས་ནས་ལག་ལེན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བུ་ཆུང་བདེ་ཆེན་སྟེང་གི་དགོན་པར་སྦྱར་བའི་ཡི་གེ་པ་སྐྱུ་རུའི་སྔགས་འཆང་པདྨ་དབང་ཆེན་གྱིས་བགྱིས་པའོ། །སརྦ་མངྒ་ལཾ།། །།)