TTDL-ZABTER-10-THA-040

From Dudjom Wiki
Revision as of 07:02, 30 July 2024 by Mort (talk | contribs)

TTDL-ZABTER-10-THA-040
Wylie title TTDL-ZABTER-10-THA-040.pdf
Location bdud 'joms gling pa zab gter
Volume 10, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 10: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
[edit]
དབུ་ཁྲིད་བརྡ་ཡིག་༠༠༠༠༠༠༣༢༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་ཁྲོས་མའི་ཆ་ལག་ཆངས་བུ་ཤ་དུམ་བསྔོ་ཐབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ སྲིད་པའི་མ་མོ་འཁྲུགས་པ་ལས༔ མི་རྣམས་མི་བདེ་ཟུག་རྔུ་མང་༔ ནད་དུ་མི་འབྱུང་བྱ་བ་མེད༔ དེ་ཚེ་སྲིད་པའི་མ་མོ་ལ༔ བརྟེན་ནས་ཡས་དང་གླུད་འཇལ་ན༔ བར་ཆད་ཞི་བའི་མཆོག་ཏུ་འགྱུར༔ དེ་ཕྱིར་བདུད་གཅོད་ཟབ་མོའི་དོན༔ ཉམས་སུ་ལེན་པའི་སྐྱེས་བུ་ཡིས༔ འདི་ལ་བརྩོན་མཛོད་གཞན་དོན་འགྲུབ༔ ས་མ་ཡ༔ དེ་ཡི་བཅའ་བཞིའི་རིམ་པ་ནི༔ ཤ་དུམ་སྟོང་ངམ་བརྒྱ་ཕྲག་དང་༔ ཆངས་བུ་དེ་བཞིན་གྲངས་ཚང་ལ༔ བཤལ་ཆུར་འོ་ཆབ་དཀར་པོ་བཞག༔ བསྔོ་ཡུལ་མཁའ་འགྲོ་ཕག་མགོ་ལ༔ བེར་ནག་བགོས་ཤིང་གྲི་ཐོད་ཐོགས༔ ཁྲག་རྐོང་བརྒྱད་ཀྱིས་བསྐོར་ནས་བཞག༔ ཕཊ༔ སྣང་སྲིད་སྟོང་ཉིད་ཆེན་པོར་ཞིག༔ ཀུན་ཁྱབ་ནམ་མཁའི་ངོ་བོ་ཉིད༔ རྣམ་པ་སྲིད་པའི་མ་ཆེན་ནི༔ ནག་མོ་ཕག་གདོང་གྲི་ཐོད་ཅན༔ བེར་ནག་བགོས་ཤིང་གཟི་འོད་འབར༔ ཆེ་བ་ནམ་མཁའི་ཁྱོན་ལ་བསྙེགས༔ སྐུ་ཡི་ལྟེ་བ་ཡན་ཆད་དུ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྫོགས༔ པུས་མོའི་ལྷ་ང་ཡན་ཆད་དུ༔ སྲིད་པའི་ལྷ་སྲིན་ལྷ་འདྲེ་རྫོགས༔ རྐང་མཐིལ་བོལ་བ་ཡན་ཆད་དུ༔ ཁམས་གསུམ་སེམས་ཅན་ཐམས་ཅད་རྫོགས༔ མདོར་ན་འཁོར་འདས་ཐམས་ཅད་ཀུན༔ རྒྱ་མཚོའི་ནང་གི་གཟའ་སྐར་བཞིན༔ སྲིད་པའི་མ་ཆེན་མཁའ་རུ་གསལ༔ དབྱིངས་ནས་མངོན་གྱུར་ཆེན་པོར་རིག༔ ཕཊ་ཕཊ་ཕཊ༔ དེ་ནས་སྤྱན་འདྲེན་པ་ནི༔ ཕེཾ༔ ནམ་མཁའ་རྣམ་པར་དག་པའི་དབྱིངས༔ མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་༔ ལྷུན་གྲུབ་བཀོད་པ་འཕྲུལ་གྱི་བདག༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ སྣང་སྲིད་གཞིར་བཞེངས་མ་ཆེན་མོ༔ ཁམས་གསུམ་ཐུགས་སུ་སྒྲོལ་བྱེད་ཅིང་༔ འཁོར་བའི་རྒྱུ་རྐྱེན་ཁྲག་ཏུ་རོལ༔ ཁྲོས་མ་ནག་མོ་གཤེགས་སུ་གསོལ༔ སྟོང་ཆེན་དབྱིངས་ཀྱི་བདག་ཉིད་མོ༔ ཁམས་གསུམ་སྐུ་གསུམ་ཐུགས་སུ་ཆུབ༔ འདོད་ཡོན་ལྔ་ཡི་ཆོ་འཕྲུལ་ངོམས༔ དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ༔ ཕཊ་ཕཊ་ཕཊ༔ ཀུན་ཏུ་བཟང་མོ་མན་ཆད་ནས༔ སྲིན་བུ་པདྨ་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི་དབྱིངས་སུ་གཅིག༔ མཉམ་པ་ཉིད་དུ་དག་མཉམ་རོལ༔ དབང་ཕྱུག་ཆེན་པོ་མན་ཆད་ནས༔ ཐེའུ་རང་རྐང་གཅིག་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ མགོན་པོ་ལེགས་ལྡན་མན་ཆད་ནས༔ ཤི་འདྲེ་ཕྲན་བུ་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ ཆོས་སྐུ་ཡུམ་ཆེན་མན་ཆད་ནས༔ གྲོང་རྒྱུགས་འདྲེ་མོ་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ རྒྱལ་པོ་པེ་ཧར་མན་ཆད་ནས༔ དམ་སྲི་ཉུལ་ལེ་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ ལྷ་མོ་བརྟན་མ་མན་ཆད་ནས༔ མ་སྲིན་འབྱུང་པོ་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ བི་ན་ཡ་ཀ་མན་ཆད་ནས༔ སྲི་རྐུན་ཆུང་སྲི་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ ཡུལ་ལྷ་ཆེན་པོ་མན་ཆད་ནས༔ གློ་བུར་བྱུར་འདྲེ་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ ཀུན་གཞིའི་སྟོང་དབྱིངས་མན་ཆད་ནས༔ རྣམ་རྟོག་ཕྲ་མོ་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ སྲིད་རྩེའི་བདེ་བ་མན་ཆད་ནས༔ དམྱལ་བའི་སྡུག་བསྔལ་ཡན་ཆད་ཀུན༔ མ་ཆེན་ཁྱེད་ཀྱི༴ གཉིས་སུ་མེད་པར༴ ཕཊ་ཕཊ་ཕཊ༔ ཕྱི་བདག་ལྷའི་རཱུ་དྲ་མན་ཆད་ནས༔ བར་འབྱུང་ཕྲན་སྒྱུ་ལུས་ཡིད་གཟུགས་དང་༔ ནང་སེམས་རྟོག་ཕྲ་མོ་ཡན་ཆད་ཀྱི༔ རྒྱུ་རྐྱེན་ལས་བསྐྱེད་པའི་ནད་གདོན་ཀུན༔ དེང་ཡུལ་མེད་ངང་དུ་བཤིག་ཏུ་གསོལ༔ བུ་སྐྱེ་མེད་དབྱིངས་སུ་ལམ་སྣ་དྲོངས༔ ཕཊ་ཕཊ་ཕཊ༔ དེ་ནས་འགྱེད་བཏང་བ་ནི༔ བདག་དང་བསྲུང་བྱའི་རིག་པ་ནི༔ དབྱེར་མེད་སྟེང་གི་ནམ་མཁར་འཕོས༔ རྡོ་རྗེ་ཕག་མོ་གྲི་ཐོད་ཅན༔ གཅེར་བུ་གར་སྟབས་རུས་རྒྱན་སྤྲས༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ ཕཊ་ཕཊ་ཕཊ༔ བེམ་པོ་ཤ་དུམ་ཆངས་བུར་བསྲེ༔ ནད་དང་ནད་འདྲེར་བཅས་པ་བསྟིམ༔ ཡེ་ཤེས་མཁའ་འགྲོའི་ཞལ་དུ་བསྟབ༔ མགྲོན་རིགས་མ་ལུས་མཉེས་ཚིམས་གྱུར༔ ཕཊ༔ དེ་ནས་འགུགས་དང་བསྟབ་པ་ནི༔ ཕཊ༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་ཀྱིས༔ ནད་གདོན་བར་ཆད་མ་ལུས་པ༔ ཤ་དུམ་ཆངས་བུ་འདི་ལ་ཁུག༔ ཡེ་ཤེས་མཁའ་འགྲོའི་ཞལ་དུ་བསྟབ༔ ཆོ་འཕྲུལ་མགྲོན་རྣམས་ཀུན་ལ་བསྔོ༔ ལན་ཆགས་ཤ་མཁོན་བྱང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ བཤལ་ཆུ༔ ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཤ་ཟན་གྲངས་དང་མཉམ་པར་བྱས༔ ཀྱཻ༔ མ་རིག་འཁྲུལ་པའི་ལྷ་འདྲེ་ལ༔ རིག་པ་ཡེ་ཤེས་ལོངས་སྤྱོད་བསྔོ༔ ཞེ་སྡང་གདུག་པའི་ལྷ་འདྲེ་ལ༔ ཀུན་སྣང་ཡེ་ཤེས་ལོངས་སྤྱོད་བསྔོ༔ ང་རྒྱལ་གདུག་པའི་ལྷ་འདྲེ་ལ༔ ཀུན་ཁྱབ་ཡེ་ཤེས་ལོངས་སྤྱོད༴ འདོད་ཆགས་གདུག་པའི་ལྷ་འདྲེ་ལ༔ ཀུན་གཟིགས་ཡེ་ཤེས་ལོངས་སྤྱོད༴ ཕྲག་དོག་འཁྲུལ་པའི་ལྷ་འདྲེ་ལ༔ ཀུན་མཁྱེན་ཡེ་ཤེས་ལོངས་སྤྱོད་བསྔོ༔ ཡེ་ཤེས་ལྔ་ཡི་དབྱིངས་ཐོབ་ཤོག༔ ཕཊ་ཕཊ་ཕཊ༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཕཊ༔ མ་ཡུམ་ཆེན་ཁྱོད་ལ་གསོལ་བ་འདེབས༔ ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས༔ གློག་ལྟར་མྱུར་བའི་ཕྲིན་ལས་ཀྱིས༔ ང་ཡི་འདོད་དོན་འགྲུབ་པར་མཛོད༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་༔ རྒྱུ་རྐྱེན་འབྲེལ་བའི་འདྲེ་གདོན་བདུད༔ ཆོས་ཉིད་གཏིང་གསལ་ཆེན་པོར་སྒྲོལ༔ བདག་རྟོག་འཁྲུལ་པ་ལས་སྐྱེས་པའི༔ ནད་དང་སྡུག་བསྔལ་མི་མཐུན་ཕྱོགས༔ བདེ་ཆེན་འགྱུར་མེད་ངང་དུ་སོད༔ ཚོགས་ཡུལ་རྐྱེན་དབང་གྱུར་པ་ཡི༔ ལས་ཉོན་བག་ཆགས་ཀུན་ཞི་ཞིང་༔ ཕན་བདེའི་དཔལ་ཡོན་རབ་རྒྱས་ནས༔ འཁོར་འདས་དབང་དུ་གྱུར་པ་དང་༔ དགྲ་བགེགས་གནོད་བྱེད་བརླག་པ་ཡི༔ ཕྲིན་ལས་ཐམས་ཅད་ཡོངས་གྲུབ་མཛོད༔ ཕཊ་ཕཊ་ཕཊ༔ དེ་ནས་བསྡུ་རིམ་ནི༔ ཁམས་གསུམ་འཁོར་བའི་སེམས་སྣང་བ༔ མཁའ་འགྲོའི་སྐུ་གསུང་ཐུགས་སུ་ཞིག༔ མཆོད་སྦྱིན་བདག་པོ་དངོས་ཡུལ་བཅས༔ སྒྱུ་མའི་འཁྲུལ་འཁོར་ཞིག་པའམ༔ རྨི་ལམ་དབྱིངས་སུ་སད་པ་བཞིན༔ བདག་མེད་སྟོང་ཉིད་ཆེན་པོར་ཞིག༔ ཡུལ་མེད་ཟང་ཐལ་ཆེན་པོར་སངས༔ འཁོར་འདས་དག་མཉམ་ཆེན་པོར་གྲོལ༔ ཕཊ་ཕཊ་ཕཊ༔ ཆངས་གླུད་ཕྱོགས་མཚམས་ཀུན་ཏུ་གཏོར༔ བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ༔ ཤིས་བརྗོད་ཅི་རིགས་བྱས་པས་རྫོགས༔ དེ་ལྟར་དམིགས་གསལ་གནད་ལྡན་ན༔ མཆོད་ཡུལ་མ་མོ་མཁའ་འགྲོ་མཉེས༔ སྦྱིན་ཡུལ་འདྲེ་གདོན་ཀུན་ཀྱང་ཚིམས༔ ཕྱི་ནང་བར་ཆད་གེགས་ལས་སྒྲོལ༔ མཐར་ཐུག་བསོད་ནམས་ཆེན་པོར་བྱེད༔ ༠༠༠༠༠བརྡ་ཡིག་༣༢༦༔ བཀའ་སྲུང་བཙན་རྒྱལ་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟོལ་མེད་གཞན་ཕན་གྱིས་བསྐུལ་ངོར། །ཡུལ་མེད་ཟང་ཐལ་ཆེན་པོའི་དབྱིངས། །ཟད་མེད་ཆོས་ཉིད་ཀློང་མཛོད་ལས། །སེམས་མེད་བདུད་འཇོམས་རྡོ་རྗེས་བྲིས། །དགེའོ།། །།