TTDL-ZABTER-11-DA-037

From Dudjom Wiki
Revision as of 13:37, 31 July 2024 by Mort (talk | contribs)

TTDL-ZABTER-11-DA-037
Wylie title TTDL-ZABTER-11-DA-037.pdf
Location bdud 'joms gling pa zab gter
Volume 11, Text 37, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Deity khros ma nag mo
[edit]
༄༅།།བྲོ་ར་དང་ཕུར་གདབ་གཉིས་ཀྱི་དམིགས་རིམ་ཟིན་བྲིས་ལ།དང་པོ་ལྟ་བའི་གདིང་གླུ་ནི།ཕཊ་དང་པོས་རྣམ་རྟོག་སྔ་མའི་འཕྲོ་རྦད་ཀྱིས་བཅད།གཉིས་པས་རང་ངོ་ཤེས།གསུམ་པས་ལྟ་བའི་གདིང་བསྐྱེད་དེ།རང་གི་གཞི་བདེ་གཤེགས་སྙིང་པོ་འཁོར་འདས་ཀུན་ལ་ཁྱབ་པའི་བདག་ཉིད་མི་ཤིགས་ཆོས་བདུན་དང་དམ་བཅའ་བཞི་དང་ལྡན་པའི་རྡོ་རྗེ་གཞི་མངོན་དུ་གྱུར་ནས་གདིང་ཆེན་བཞི་དང་ལྡན་ཅིང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ང་ཡིས།རེ་བའི་ཡུལ་སངས་རྒྱས་དང་དོགས་པའི་ཡུལ་འཁོར་བ་གཉིས་གཉིས་མེད་རོ་སྙོམས་ཆེན་པོས་བདག་རྟོག་ངན་པ་ཐམས་ཅད་བཏུལ་ནས་བདག་མེད་རྟོགས་པའི་ཤེས་རབ་ཆེན་པོར་བཞུགས་པའི་བརྟུལ་ཞུགས་ཀྱིས།ངོ་བོ་སྟོང་པ་ཆོས་སྐུ།རང་བཞིན་གསལ་བ་ལོངས་སྐུ།ཐུགས་རྗེ་ཀུན་ལ་ཁྱབ་པའི་སྤྲུལ་སྐུ་སྟེ་སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་མེད་པ་ཆོས་ཀྱི་དབྱིངས་ལས་ཡོད་པ་གཟུགས་ཀྱི་སྐུར་བཞེངས་ནས།གཟུང་བ་ཆོས་དང་འཛིན་པ་གང་ཟག་གི་བདག་གཉིས་སུ་འཛིན་པ་ཁམས་གསུམ་འཁོར་བའི་བདག་ཏུ་ལྟ་བའི་རཱུ་དྲ་སྟེ་དེ་གཉིས་གཉིས་མེད་མཉམ་པའི་ཀློང་དུ་བྲོ་ཡིས་བཅོམ་པའོ།།ཕཊ༔ རྩ་གསུམ་ཀུན་འདུས་སོགས་ལ།སྐུ་བླ་མ་གསུང་ཡི་དམ་ཐུགས་མཁའ་འགྲོ་སྟེ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཀུན་འདུས་ཀྱི་བདག་ཉིད་ངོ་བོ་བླ་མ་ཡིན་པ་ལ་རྣམ་པ་མ་གཅིག་ཁྲོས་མ་ནག་མོ་ཕྱག་གཡས་ཐོད་པ་ལྟག་སྤྲོད་ཀྱི་ཌཱ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བས་ཁམས་གསུམ་དབང་དུ་སྡུད་ཅིང་།གཡོན་པས་དྲིལ་ཆུང་སྙན་མཛེས་བར་སྣང་ཁམས་སུ་གསིལ་བས་སྲིད་གསུམ་ཟིལ་གྱིས་གནོན་པ།ཞབས་གཉིས་གར་སྟབས་མཛད་ཅིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ་གཟི་བརྗིད་འོད་ཕུང་བལྟར་མི་བཟོད་པ་ཡེ་ཤེས་ཀྱི་མེ་རི་དང་མེ་དཔུང་རབ་ཏུ་འབར་བའི་ཀློང་དུ་གསལ་ལ།གཟུང་འཛིན་གྱི་རཱུ་དྲའི་སྙིང་གར་བྲོ་གར་འཁྲབ་པ་དང་མཉམ་དུ་རང་རྩལ་དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ་སྔོན་མོ་གྲངས་མེད་བྱེ་བ་འབུམ་སྡེ་རྣམས་ཀྱང་ལོག་འདྲེན་རཱུ་དྲ་འདུལ་བའི་བྲོ་ལ་དགོངས་ཤིང་གཟུགས་ཀྱི་སྐུར་བཞེངས་ཏེ་ཐིབ་ཀྱིས་བྱོན་ནས་མཛུབ་མོ་རྣམས་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཕྱོགས་མཐའ་ཀུན་བྲལ་ཆེན་པོའི་བྲོ་ར་ཟུར་བརྒྱད་དམ་ཟུར་དྲུག་འཁྲབ་པས།གཏི་མུག་ལས་བསྐྱེད་པའི་ལྷ་འདྲེ་དེ་དག་གི་རྒྱུད་ཀྱི་ཉོན་མོངས་པའི་རྩུབ་རག་གི་མགོ་བོ་བཅོམ་སྟེ་རྩྭ་སྦུར་ཕྲ་མོ་རྡོག་པས་བརྫིས་པ་ལྟར་ཆེམས་སེ་ཆེམ་པར་བསམ་ལ་དམིགས་གནད་དང་སྟངས་སྟབས་ཡ་མ་བྲལ་བའི་ངང་ནས་ཤར་དུ་ཕྱོགས་ལ་ཧཱུྃ་ཧཱུྃ་ཞེས་གད་རྒྱངས་སྒྲོགས་བཞིན་རྐང་གཡས་མགོ་འཕར་སྟངས་བྱེད་དོ།།དེ་བཞིན་དུ་ཧ་ཧ་ཞེས་གད་རྒྱངས་སྒྲོག་པ་དང་ཆབ་གཅིག་ལྷོ་རུ་ཕྱོགས་ལ་རྐང་གཡོན་མགོ་འཕར་སྟངས་བྱའོ།།དེ་བཞིན་ཧེ་ཧེ་ཞེས་གད་རྒྱངས་སྒྲོག་བཞིན་ནུབ་ཏུ་ཕྱོགས་ལ་རྐང་གཡས་མགོ་འཕར་སྟངས་བྱེད་ལ།ཡང་ཧོ་ཧོ་ཞེས་གད་རྒྱངས་སྒྲོག་བཞིན་བྱང་དུ་ཕྱོགས་ལ་རྐང་གཡོན་མགོ་འཕར་སྟངས་བྱེད་ཅིང་ཕཊ༔ བརྗོད་པ་དང་ཆབ་གཅིག་རཱུ་དྲའི་ལག་གཡས་ཤར་དུ་བྱས་པའི་སྟེང་དུ་མཆོངས་སྟངས་དཔའ་བོའི་གར་སྟབས་ཀྱི་གནས་པར་བྱས་ལ་སྟངས་སྟབས་དང་དམིགས་པ་གོང་གིས་འགྲེས་སོ།།དེ་བཞིན་ཤར་ལྷོ་ནུབ་བྱང་ཀུན་ཏུ་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་རྣམས་ཀྱི་བྲོ་ར་ཟླུམ་པོ་གྲུ་བཞི་ཟླ་གམ་ཟུར་གསུམ་རྣམས་འཁྲབ་པས་ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་རྣམས་བཅོམ་པའོ།།དེ་ནས་རྐང་གཡས་ཀྱི་མཐིལ་བྱང་དུ་བྱས་པའི་སྟེང་དུ་བྲོ་བརྡུང་རྗེས་ཕཊ༔ བརྗོད་པ་དང་ཆབ་གཅིག་དབུས་སུ་མཆོངས་སྟབས་བྱེད་ཅིང་གོམ་སྟབས་ཀྱིས་ཤར་དུ་ཕྱོགས་ནས།ཆོས་སྐུ་དབྱིངས་ཀྱི་མཁའ་འགྲོ་སོགས་བརྗོད་སྐབས་གོང་བཞིན་དུ་ཆོས་སྐུ་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་གཏི་མུག་ཀླུ་གདོན་དང་།ལོངས་སྐུ་མཁའ་སྤྱོད་དབང་མོ་རྣམས་འདོད་ཆགས་མོ་གདོན་དང་།སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་མ་ཚོགས་རྣམས་ཞེ་སྡང་རྒྱལ་འགོང་འདུལ་ཕྱིར་བྲོ་ལ་བསྐུལ་བས་ཐམས་ཅད་མེད་པ་ཆོས་ཀྱི་དབྱིངས་ལས་ཡོད་པ་གཟུགས་ཀྱི་སྐུར་བཞེངས་ནས།སྐུ་གསུམ་ལྷུན་གྲུབ་ཀྱི་བྲོ་ར་གྱི་ལི་ལི་འཁྲབ་པས་ཉོན་མོངས་པ་དུག་གསུམ་དང་བརྒྱད་ཁྲི་བཞི་སྟོང་ལས་བྱུང་བའི་ལྷ་འདྲེ་དེ་དག་གི་རྒྱུད་ཀྱི་ཉོན་མོངས་འཁྲུལ་པའི་རྩུབ་རག་ཐམས་ཅད་བཅོམ་ནས་ཁམས་གསུམ་འཁོར་བའི་སེམས་སྣང་ཐམས་ཅད་ཆོས་ཉིད་སྟོང་པ་ཆེན་པོའི་ཀློང་དུ་བཤིག་པར་བསམ་སྟེ་མཁའ་འགྲོ་མ་རྣམས་རང་ལ་ཐིམ་པར་བསམ་ལ།ཕཊ་དང་པོས་དུག་གསུམ་སྐུ་གསུམ་གྱི་ཀློང་དུ་བཤིགས།གཉིས་པས་དུག་ལྔ་ཡེ་ཤེས་ལྔའི་ཀློང་དུ་བཤིགས།གསུམ་པས་ཉོན་མོངས་པ་བརྒྱད་ཁྲི་ཆོས་ཕུང་བརྒྱད་ཁྲིའི་ཀློང་དུ་བཤིགས་པར་བསམ་ལ།དེ་ནས་གདན་འོག་སོགས།ཅོག་པུ་ཕུབ་པ་ནི།ཕཊ༔ བརྗོད་པས་རང་ཁྲོས་མ་ནག་མོའི་ཐུགས་ཀ་ནས་མེ་ལོང་ཡེ་ཤེས་ཀྱི་རང་གདངས་ཤེལ་ལས་གྲུབ་པའི་ཀེང་རུས་དཀར་མོ་འོད་དང་འོད་ཟེར་འཕྲོ་བ་ཞིག་བྱུང་ནས་ངོ་བོ་སྙིང་རྗེ་ཆེན་པོ་ཡིན་པ་ལ་རྣམ་པ་དུང་གི་ཕུར་པ་དཀར་པོ་དབྱིབས་ཟླུམ་པོ་ཞིག་ཁྱེར་ནས་ཞེ་སྡང་མེ་ལྟར་འབར་བའི་ལྷ་འདྲེ་དེའི་ལག་པ་གཡས་པར་གདབ་པས་རླུང་རྡོ་རྗེ་རྒྱ་གྲམ་བར་གཟིར་བར་བསམ་ལ་ཕཊ་བརྗོད།དེ་བཞིན་དུ་མཉམ་ཉིད་སོར་རྟོག་བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་རྣམས་ཀྱི་རང་གདངས་གསེར་གིང་།ཟངས་གིང་།ལྕགས་གིང་།རུས་གིང་རྣམས་ཀྱི་ཕྱག་ན་ངོ་བོ་བྱམས་པ།དགའ་བ།བཏང་སྙོམས།བྱང་སེམས་རྣམས་ལ།རྣམ་པ་བསེ་ཕུར་ཟུར་བཞི་པ།ཟངས་ཕུར་ཟླ་གམ།གཡུ་ཕུར་ཟུར་གསུམ།མཆོག་ཆེན་གྱི་ཕུར་པ་ཟུར་དྲུག་པ་རྣམས་ཁྱེར་ནས།ང་རྒྱལ་དང་།འདོད་ཆགས་དང་།ཕྲག་དོག་དང་།གཏི་མུག་གི་ལྷ་འདྲེ་རྣམས་ཀྱི་ལག་གཡོན་དང་།རྐང་གཡོན།རྐང་གཡས།སྨིན་མཚམས་རྣམས་སུ་གོང་བཞིན་དུ་གདབ་བོ།།ཚུལ་དེ་ལྟ་བུའི་གཞིའི་རང་ཞལ་མ་རིག་ཅིང་གཉིས་མེད་གཉིས་སུ་སྣང་ཞིང་བདག་ཏུ་ལྟ་བའི་རཱུ་དྲའི་གཟུགས་ཀྱི་རྣམ་པར་བཀོད་པ་དེའི་མགོ་དང་ཡན་ལག་ཐམས་ཅད་དུ་ཡེ་ཤེས་ལྔའི་རང་གདངས་ཀྱི་ཕུར་པ་གདབ་པས་འཕར་ལྡང་འགུལ་བསྐྱོད་ཀྱི་སྟོབས་རྩལ་ནུས་པ་ཐམས་ཅད་དང་བྲལ་བར་བསམ་མོ།།དེའི་དབུས་སུ་བདག་གི་གནས་ཁང་ཕྱི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་གྱེན་དུ་བསྒྲེང་བ་འདོད་རྒུའི་ཆར་ཆེན་པོ་འབེབས་པ་ལ་ནང་དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ་བའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་ཅན་གསལ་བར་བསྒོམ་མོ།།དེ་ནས་མལ་སར་འདུག་ཅིང་རྒྱབ་རྟེན་ལ་བརྟེན་ནས་འདུག་པ་སོགས་གཞུང་དུ་གསལ་ལོ།།ཞེས་བྲོ་ར་དང་ཕུར་གདབ་ཀྱི་དམིགས་རིམ་ཉུང་ངུ་འདི་ཉིད་གྲུབ་དབང་བླ་མའི་ཞལ་ཁྲིད་ལྟར་ངག་དབང་ཕྲིན་ལས་རང་ཉིད་ཀྱི་མི་བརྗེད་པའི་དྲན་གསོས་སུ་ཟིན་བྲིས་བགྱིས་པ་དོན་ཡོད་པར་གྱུར་ཅིག།དགེའོ།།