TTDL-ZABTER-19-DZA-002

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-19-DZA-002
Wylie title TTDL-ZABTER-19-DZA-002.pdf
Location bdud 'joms gling pa zab gter
Volume 19, Text 2, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ གསང་ཆེན་ཉམས་བྱུང་གི་རྟོགས་བརྗོད་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ༔ ཨེ་མ་ཧོཿཀ་དག་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རང་གདངས་འགྲོ་འདུལ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་པདྨ་རྒྱལ་པོས་སྐྱོངས༔ སྔོན་ཚེ་རྣལ་འབྱོར་ནུས་ལྡན་རྡོ་རྗེ་ཡིས༔ བསྐལ་བཟང་སངས་རྒྱས་སྟོང་གི་བསྟན་པ་ལ༔ ང་ཡི་སྤྲུལ་ལ་བྱེ་བ་ཕྲག་བརྒྱ་ཡིས༔ རྒྱུན་མི་ཆད་པར་འདུལ་བྱ་སྐྱོང་བར་ཤོག༔ ཅེས་གསུངས་ཐུགས་བསྐྱེད་སྨོན་ལམ་རྣམ་དག་མཐུས༔ བྱེ་བྲག་སྤྲུལ་པའི་ཆ་རུ་ཤར་བ་བདག༔ ལོ་གྲངས་བཞི་བཅུ་ཐམ་པར་བབ་པ་ཡི༔ ཁྱི་ལོ་དབྱར་ཟླ་ར་བའི་ཉེར་ལྔའི་ནུབ༔ གཉིད་དང་འོད་གསལ་འདྲེས་པའི་སྣང་ཆ་ལ༔ བརྡལ་ཁྱབ་ནམ་མཁའ་ཡངས་པའི་མཁའ་ཀློང་ནས༔ འཇའ་ཚོན་འོད་ཀྱི་གུར་ཁང་འཁྲིགས་པའི་ཀློང་༔ དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཙ་ཏི་མས༔ གཟི་བརྗིད་ཉི་ལྟར་འབར་བའི་ཞལ་ངོམས་ནས༔ ཤིན་ཏུ་བརྩེ་ཞིང་གདུང་བས་འདི་སྐད་གསུངས༔ ཀྱེ་ཧོ་སྐྱེས་མཆོག་བདུད་འཇོམས་གླིང་༔ མི་ཚེ་འདི་ཡི་སྔོན་རོལ་དུ༔ ཁྱེད་ཀྱི་སྐྱེ་བརྒྱུད་ཇི་ལྟར་ལགས༔ དྲན་ན་གླུ་རུ་འདོམས་ཤིག་དང་༔ ང་ལ་དགོས་པ་ཆེན་པོ་གདའ༔ ཞེས་གསུངས་གུས་ཚུལ་མཛད་ཅིང་བཞུགས་པའི་ངོར༔ བདག་གིས་སྔོན་གྱི་སྐྱེ་བ་དྲན་བཞིན་དུ༔ ཀྱེ་ཧོཿཡེ་ཤེས་མཁའ་འགྲོ་ཚུལ་གསོན་དང་༔ སྔོན་ཚེ་རྣལ་འབྱོར་ནུས་ལྡན་པས༔ སྐལ་པ་བཟང་པོའི་སངས་རྒྱས་ལ༔ དབང་བསྐུར་མཚན་གསོལ་ལུང་ཡང་བསྟན༔ དེ་ཚེ་རྡོ་རྗེ་འཆང་ཆེན་དངོས༔ དེ་ཡིས་ཐུགས་བསྐྱེད་སྨོན་ལམ་མཐུས༔ རིམ་བཞིན་ཐོག་མཐའ་བར་གསུམ་དུ༔ སྤྲུལ་པ་བརྒྱ་ཕྲག་རྒྱུན་མི་ཆད༔ ཐུབ་པའི་སྤྱན་སྔར་ཤཱ་རིའི་བུ༔ ཉན་ཐོས་ཚུལ་འཆང་གདུལ་བྱ་བསྐྱངས༔ འབྲེལ་ཚད་ཐར་པའི་ལམ་ལ་བཀོད༔ དེ་འོག་བྲག་དམར་བྱ་སྐྱིབ་ཚལ༔ ང་ནི་ཧཱུྃ་ཆེན་ཀཱ་ར་ལགས༔ གསང་སྔགས་བསྟན་པའི་བ་དན་བསྒྲེངས༔ གདུལ་བྱ་བོད་ཀྱི་ཡུལ་དུ་དགོངས༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱར་སྤྲུལ༔ འབྲེལ་ཚད་གཏན་བདེའི་ས་ལ་བཀོད༔ སླར་ཡང་འགྲོ་དོན་དུས་བབ་ནས༔ གྲུམ་གྱི་གྲུབ་ཐོབ་མཁར་ནག་ཅེས༔ ཟབ་གཏེར་སྒོ་ཕྱེས་གདུལ་བྱ་བསྐྱངས༔ འབྲེལ་ཚད་ཐར་པའི་ལམ་དུ་བཀོད༔ སླར་ཡང་འགྲོ་དོན་དང་ལེན་ཕྱིར༔ ཧེ་པ་ཆོས་ཀྱི་འབྱུང་གནས་གྲགས༔ གདུལ་བྱར་ཐར་པའི་ལམ་སྟོན་ཅིང་༔ གསང་ཆེན་བསྟན་པའི་སྒྲོན་མེ་སྦར༔ སླར་ཡང་ཁྲག་འཐུང་བདུད་འདུལ་གླིང་༔ མ་ངེས་སྤྱོད་པས་གདུལ་བྱ་བསྐྱངས༔ རྒྱལ་ཁབ་གནས་རིས་མང་པོ་འགྲིམས༔ གསང་སྔགས་བསྟན་པའི་འོད་སྟོང་བཀྱེས༔ སླར་ཡང་བདུད་འདུལ་ཡང་སྤྲུལ་བྱུང་༔ ཀློ་མོན་རྒྱལ་ཁབ་དཀར་པོར་བསྒྱུར༔ མི་སྲུན་གདུག་པའི་ལྷ་འདྲེ་བཏུལ༔ གཞན་དོན་རླབས་ཆེན་ལྷུར་ལེན་མཛད༔ གཞན་ཡང་སྐྱེ་བ་དུ་མ་རུ༔ འགྲོ་འདུལ་གཏེར་སྟོན་ཚུལ་འཛིན་དང་༔ རྣལ་འབྱོར་གྲོང་བསྟེན་བསྟན་འཛིན་ཚུལ༔ རྒྱས་པར་བཤད་ན་དཔག་ཏུ་མེད༔ སླར་ཡང་ཨོ་རྒྱན་ཆེན་པོ་ཡིས༔ ལྡོག་མེད་བཀའ་བཙན་འདི་སྐད་ཕེབས༔ ཀྱེ་ཧོ༔ གསོན་ཅིག་སྐལ་བཟང་སྐྱེས་བུ་མཆོག༔ དེང་དུས་ལྔ་བརྒྱ་སྙིགས་དུས་འདིར༔ རྫོགས་ཆེན་ཉི་མ་ནུབ་ཏུ་ཕྱོགས༔ གསང་ཆེན་བསྟན་པ་མུན་དགུང་མཚམས༔ དུས་འདིར་སྐྱེ་འགྲོ་དམུ་རྒོད་ཅིང་༔ ཀླ་ཀློའི་རྫས་སྔགས་གྲིབ་ཀྱིས་བསླུས༔ གདུལ་བྱ་ཤིན་ཏུ་འདུལ་དཀའ་ཡང་༔ སྨོན་ལམ་ལས་ཅན་སྐལ་བཟང་ཚོགས༔ ངེས་གསང་ལམ་དུ་གཟུད་པའི་ཕྱིར༔ ཁྱེད་ཀྱི་གདུལ་བྱ་དུས་ལ་བབ༔ མ་ངེས་སྤྱོད་པ་སྣ་ཚོགས་ཀྱིས༔ གང་འདུལ་གདུལ་བྱ་སྐྱོང་བའི་ཕྱིར༔ གཟུགས་ཀྱི་སྐུ་རུ་ད་བཞེངས་ཤིག༔ ཅེས་གསུངས་ལན་དུ་ངས་འདི་སྨྲས༔ ཀྱཻ༔ དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག༔ གཏན་གྱི་སྐྱབས་མཆོག་རིན་པོ་ཆེ༔ ཐུགས་བརྩེ་ཐུགས་རྗེ་ཆེན་པོ་ཡིས༔ བདག་ལ་གསན་ཅིང་གནང་བར་སྩོལ༔ སྔོན་ཆད་སྐྱེ་བ་མང་པོ་རུ༔ གང་འདུལ་ཐབས་དང་ཕྲིན་ལས་ཀྱིས༔ གཞན་དོན་ལྷུར་བླངས་གདུལ་བྱ་བསྐྱངས༔ དེང་སང་བསྐལ་པའི་མར་གཤམ་འདིར༔ སྙིགས་མའི་སེམས་ཅན་འདུལ་བར་དཀའ༔ སྨོན་ལོག་བདུད་ཀྱི་བསྟན་པ་དར༔ མཐའ་མི་དབུས་རྡིབ་ཡུལ་ས་འཛིན༔ ཀླ་ཀློའི་རྫས་སྔགས་སྦྱོར་བ་ཡིས༔ སྣང་སྲིད་ལྷ་འདྲེ་དབང་བསྡུས་ཏེ༔ བསམ་དང་སྦྱོར་བ་ནག་པོར་བསྒྱུར༔ མི་ཕྱུགས་དལ་ཡམས་སྣ་ཚོགས་དང་༔ སད་སེར་འབུ་སྲིན་ལོ་ནད་གཏོང་༔ སྡུག་བསྔལ་སྣ་ཚོགས་ཡོ་ལངས་འགྱེད༔ དམུ་རྒོད་སེམས་ཅན་སྡིག་ལ་སྤྱོད༔ དེ་འདྲའི་སྐལ་བ་དམན་པའི་དུས༔ བདག་འདྲས་གདུལ་བྱ་འདུལ་དཀའ་བས༔ སེམས་ཅན་ལུས་བླངས་དོན་མ་མཆིས༔ དེ་ཕྱིར་གུ་རུས་གནང་བ་སྩོལ༔ ཞེས་ཞུས་སླར་ཡང་བཀའ་སྩལ་པ༔ ཉོན་ཅིག་བདུད་འདུལ་དྲག་པོ་རྩལ༔ སྙིགས་མའི་སེམས་ཅན་འདུལ་དཀའ་ཡང་༔ སྔོན་ཚེ་སྨོན་ལམ་ལས་འབྲེལ་གྱིས༔ སྐལ་ལྡན་སྐྱེས་བུ་སྟོང་ཕྲག་གསུམ༔ ཁྱོད་ཀྱི་གདུལ་བྱའི་ཡུལ་དུ་མཆིས༔ ཚེ་འདིར་གྲོལ་བ་ཐོབ་པ་ཡི༔ སྐྱེས་མཆོག་ལྔ་བརྒྱ་ལྷག་ཙམ་མཆིས༔ ཁྱོད་ཀྱི་ཕྲིན་ལས་ཕོ་ཉ་རུ༔ རྗེ་འབངས་སྤྲུལ་པ་ཉེར་ལྔ་འབྱུང༔ གཞན་ཡང་འགྲོ་བའི་དོན་བྱེད་པའི༔ སྤྲུལ་པའི་གཏེར་སྟོན་བཅུ་ཕྲག་འབྱུང་༔ གསང་སྔགས་སྟོན་པའི་མཆོག་བདུན་གྱི༔ སྤྲུལ་པ་ཁྱོད་ཀྱི་བུ་ཚར་སྤྲུལ༔ འགྲོ་དོན་འབྱུང་འགྱུར་གདོན་མི་ཟ༔ དེ་ཕྱིར་རིག་འཛིན་རྒྱལ་པོ་ཁྱོད༔ རྡོ་རྗེ་ཁྲོ་ལོད་སྐུར་བཞེངས་ཏེ༔ བཀའ་སྲུང་གཉན་པོའི་གྲོགས་དང་འགྲོགས༔ སྔོན་ལས་འབྲེལ་བའི་ཕ་མ་ཡི༔ བུ་རུ་བཞེངས་མཛོད་ངའི་ཕྲིན་ལས༔ དུས་ལ་བབ་ཀྱི་ད་གཤེགས་ཤིག༔ ཅེས་གསུངས་བཀའ་བཞིན་མི་ལུས་བླངས༔ ཤིང་མོ་གཡང་དཀར་ཁྱིམ་ཕུབ་ནས༔ ནམ་མཁའ་ལྡིང་གིས་ཁྱིམ་བདག་པོའི༔ དམག་མི་བཅུ་ཕྲག་ལ་བབ་དུས༔ རྟ་བདུན་ཟེར་མདངས་ངོམས་པའི་དུས༔ འཇའ་དང་འོད་ཀྱི་དྲྭ་བ་འཁྲིགས༔ སྦྲ་ཁྱིམ་དབང་གཞུས་འཁྱུད་པ་མངོན༔ རོལ་མོ་མང་པོའི་སྒྲ་འུར་སྣང་༔ དེ་ཚེ་མ་ཡི་མངལ་ལས་བཙས༔ ལོ་གྲངས་བཞི་ལ་བབ་པའི་དུས༔ ཚེར་མ་ཅན་གྱི་ནགས་ཚལ་ནས༔ བྱེ་ཆུང་འཇོམ་མོ་ཞིག་ན་རེ༔ སྙན་པའི་གླུ་འདི་ལེན་པ་ཐོས༔ ཨཻ༔ ཚུར་གསོན་དང་སྐལ་ལྡན་རིགས་ཀྱི་བུ༔ ང་ཡེ་ཤེས་ཌཱ་ཀི་ཨེ་ཀ་ཛ༔ ལྷོ་མོན་ཡུལ་ཤིང་ལོའི་ཚལ་ནས་འོང་༔ ལྷ་འོད་མཐའ་ཡས་ཀྱི་ཕོ་ཉ་ཡིན༔ ཁྱོད་སྐྱེ་བ་དུ་མའི་སྦྱངས་སྟོབས་ཅན༔ དཔལ་ནུས་ལྡན་བདུད་འདུལ་རྡོ་རྗེ་ལགས༔ གནས་པདྨ་འོད་ནས་གཟུགས་སྐུར་བཞེངས༔ ལུས་བྱིས་པའི་ཚུལ་བཟུང་རྩེད་མོར་དགའ༔ ཐུགས་ཆོས་ཉིད་དབྱིངས་ལས་འཁྲུལ་མི་ཤེས༔ གཞིའི་འོད་གསལ་ནམ་མཁའ་དྭངས་པའི་མཁར༔ དོན་མངོན་བྱེད་ཤེས་པའི་ཉི་གཞོན་ཤར༔ འདི་འཆུག་མེད་རིག་པ་རྡོ་རྗེའི་ཆིངས༔ ཁྱོད་སྲོག་གི་གཏའ་རུ་ཟུངས་ཤིག་བུ༔ བདུད་ནག་ཕྱོགས་བར་ཆད་གྲངས་མང་བས༔ འདི་བཙན་པོའི་གོ་ཁྲབ་མཆོག་ཏུ་ཟུངས༔ ད་མི་ལོ་ལྔ་ཕྲག་ཚུན་ཆད་དུ༔ ང་ཁྱོད་ཀྱི་དྲུང་དུ་སླར་ཡང་འབྱུང་༔ ཅེས་ཟེར་ཞིང་ནགས་ཚལ་ཀློང་དུ་ཐལ༔ དེ་ལྟར་ཕ་མར་སྨྲས་པ་དང་༔ རྫུན་ནམ་ཡང་ན་ཐན་ཡིན་ཟེར༔ ལོ་ཁྱིམ་དེ་ཡི་སྨད་ཆ་ན༔ ནུབ་གཅིག་རྨི་ལམ་འདི་འདྲ་བྱུང་༔ བུད་མེད་གཞོན་ནུ་མ་ཞིག་གིས༔ ངེད་མ་བུ་ཤར་གྱི་ཕྱོགས་སུ་འགྲོ༔ ཤར་དུང་གི་རི་ལ་མཇལ་དུ་འགྲོ༔ ཞེས་ཟེར་ཞིང་འགྲོ་བའི་སྣང་བ་བྱུང་༔ རྒྱ་མ་བོད་ཀྱི་ས་མཚམས་ན༔ རི་བོ་དཀར་པོ་རབ་མཐོར་སླེབས༔ རིགས་གསུམ་མགོན་པོ་ཡིན་ཅེས་སྐད༔ དགེ་སློང་གཞོན་ནུ་གསུམ་བཞུགས་པའི༔ ཕོ་བྲང་ལྕགས་གསུམ་བཀོད་ལེགས་མཐོང་༔ སྟེང་མར་བཞུགས་པའི་དགེ་སློང་དེས༔ ཀྱེ་ཧོ་གསོན་ཅིག་རིགས་ཀྱི་བུ༔ ང་ནི་འཇམ་དཔལ་གཞོན་ནུ་ཡིན༔ རི་ནི་དུང་རི་དཀར་པོ་ཡིན༔ དབང་འདི་བུམ་པ་སྐུ་ཡི་དབང་༔ བདུད་འདུལ་དྲག་པོ་ཁྱོད་ལ་བསྐུར༔ དོན་ལ་བདེ་ཆེན་འཁོར་ལོ་ཡིན༔ ཡུལ་རི་གཞན་དུ་བསྒྲོད་པ་མེད༔ གསུངས་ནས་བུམ་ཆུ་སྤྱི་བོར་བླུགས༔ བར་ཁང་ནང་བཞུགས་དགེ་སློང་དེས༔ ལག་ན་བྷནྡྷ་བདུད་རྩི་ཐོགས༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ རི་འདི་དུང་རིའི་བང་རིམ་ལགས༔ ང་ནི་ཐུགས་རྗེ་ཆེན་པོ་ཡིན༔ དབང་འདི་གསང་བ་མཆོག་གི་དབང་༔ བདུད་འདུལ་དྲག་པོ་ཁྱོད་ལ་བསྐུར༔ དོན་དམ་ལོངས་སྤྱོད་འཁོར་ལོ་ཡིན༔ ས་ཡུལ་གཞན་ལ་བསྒྲོད་དུ་མེད༔ ཅེས་ཟེར་བདུད་རྩི་ལྕེ་ལ་བཞག༔ འོག་ཁང་ནང་སླེབས་དགེ་སློང་དེས༔ ལག་ན་རྡོ་རྗེ་སྔོན་པོ་ཐོགས༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ རི་འདི་དུང་རིའི་འོག་རིམ་སྟེ༔ ང་ནི་ཕྱག་ན་རྡོ་རྗེ་ཡིན༔ དབང་འདི་ཤེས་རབ་ཡེ་ཤེས་དབང་༔ བདུད་འདུལ་དྲག་པོ་ཁྱོད་ལ་བསྐུར༔ དོན་ལ་ཆོས་ཀྱི་འཁོར་ལོ་སྟེ༔ རིང་བའི་ཡུལ་ལ་བསྒྲོད་དུ་མེད༔ ཅེས་ཟེར་སྒྲ་ཡིས་གཉིད་ལས་སད༔ ཕ་མ་གཉིས་ལ་དེ་ལྟར་སྨྲས༔ རྒྱལ་འགོང་མོ་འདྲེ་ལོས་ཡིན་ཟེར༔ ལོ་གྲངས་ལྔ་ལ་བབ་པའི་དུས༔ ཧོར་ཟླ་བཞི་པའི་ཚེས་བཅུའི་ཉིན༔ བྲག་རིའི་ཚལ་དུ་ཤུག་པ་མཐོང་༔ དེ་རུ་འོང་བའི་ཤུག་རྩ་རུ༔ གསེར་སྦྲང་སེར་པོས་འཕུར་ལྡིང་བྱེད༔ དེ་ཡིས་གླུ་འདི་ལེན་པ་ཐོས༔ ཨེ་ཨེ༔ དུས་མི་རྟག་འདས་དང་མ་འོངས་ཏེ༔ ལོ་མི་རྟག་དབྱར་དགུན་སྟོན་དང་དཔྱིད༔ ཟླ་མི་རྟག་དཀར་ནག་གཉིས་སུ་སྣང་༔ ཞག་མི་རྟག་ཉིན་མཚན་གཉིས་ཀྱིས་འགྱུར༔ མི་མི་རྟག་བྱིས་གཞོན་དར་རྒུད་འཆི༔ ཕྱུགས་ལོངས་སྤྱོད་མི་རྟག་སྒྱུ་མར་འགྲན༔ བུ་འཆི་བ་ཨེ་དྲན་བསམ་མནོ་ཐོངས༔ ཁྱོད་སྔོན་ཆད་ལྷོ་མོན་ཡུལ་ཁམས་སུ༔ དཔལ་ནུས་ལྡན་བདུད་འདུལ་དཔའ་བོ་འབོད༔ དུས་བར་དུ་པདྨ་འོད་དུ་མཆིས༔ མཐར་མི་ཡུལ་འདི་རུ་མི་ལ་བརྫུ༔ ང་དང་པོ་རྒྱ་ཟ་ཀོང་ཇོ་ཞེས༔ བོད་རྒྱལ་པོའི་དགྱེས་སྐོང་བཙུན་མོ་ལགས༔ དུས་བར་དུ་པོ་ཊ་ལ་རུ་མཆིས༔ ད་དུད་འགྲོ་སྦྲང་ཆུང་གླུ་ལ་མཁས༔ གླུ་སྙན་པའི་ངག་ལ་ཚུར་གསོན་དང་༔ ལྷོ་མོན་གྱི་ཡུལ་ནས་ངང་ཁྱུ་ཞིག༔ བྱང་ན་མཚོ་ཆེན་པོའི་ཚལ་དུ་སླེབས༔ ལྷོ་མོན་དང་སྤུ་ཀོང་དབུས་ཕྱོགས་ནས༔ བྱ་རྒོད་པོས་གནམ་འཕང་བཅད་ནས་སུ༔ བྱང་ལྷོ་བྲག་དམར་པོའི་ཚལ་དུ་འཁོར༔ གནས་མཁའ་སྤྱོད་གླིང་དང་པདྨ་འོད༔ ལྷ་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་ནས༔ ཐུགས་བརྩེ་བས་འགྲོ་དོན་ལྷུར་ལེན་པའི༔ དཔལ་རིག་འཛིན་བྱང་ཆུབ་སེམས་དཔའི་སྡེ༔ ང་བུང་བ་བཅུད་ལ་འཁོར་བ་བཞིན༔ ལྷ་རིག་འཛིན་རྒྱལ་པོའི་དྲུང་དུ་འཁོར༔ ཅེས་ཟེར་ཞིང་ནམ་མཁའི་མཐོངས་ལ་ཡལ༔ ལོ་གྲངས་ལྔ་ཡི་དུས་བར་དུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མས༔ འབྲལ་བ་མེད་པར་མ་ལྟར་བསྐྱངས༔ ལོ་ཁྱིམ་བདུན་ལ་བབ་པའི་ཚེ༔ བྱིས་པ་ཟུང་དང་བསྡེབས་ནས་སུ༔ ཅུང་ཟད་རིང་བའི་ས་རུ་སོང་༔ ཆུ་ཀླུང་ཆེན་པོ་འཁྲུགས་པའི་དཀྱིལ༔ ཕ་ཝང་མགོ་བོ་མཐོང་བའི་མོད༔ དེ་སྟེང་ཕྱིན་ན་བདེའམ་སྙམ༔ དེ་མ་ཐག་པར་དེ་ཐོག་ཏུ༔ མ་བསྒྲོད་རྨི་ལམ་སད་བཞིན་སྡོད༔ དེ་ཚེ་མཁའ་འགྲོ་མང་པོ་ཡིས༔ མཐའ་བསྐོར་གླུ་འདི་གྱེར་བ་ཐོས༔ ཨ་ཧོཿཤར་གངས་རི་དཀར་པོ་དགུང་ལ་སྙེམས༔ རིའི་རྩེ་མོར་ཤེལ་གྱི་མཆོད་རྟེན་གདའ༔ དེའི་བུམ་ནང་རྡོ་རྗེའི་རྩེ་མོ་ཞེས༔ ལྷ་བཞད་ལ་མངོན་པར་དགའ་བ་ཡོད༔ དེར་འོད་བརྒྱའི་ཟེར་མདངས་ཕོག་ལ་རེ༔ མདངས་འཛམ་གླིང་ཁྱབ་ན་གསལ་ཞིང་མཛེས༔ གངས་རྩ་བར་དུག་སྦྲུལ་བྲག་ལ་འཁྲི༔ དུག་ནག་པོའི་ཁ་ཕྲུ་མཚོ་རུ་བརྫུ༔ དེའི་རྦ་རླབས་མཐོང་ན་གློ་སྙིང་འདར༔ རྩི་མ་གི་ཏ་ཡི་ནུས་པ་ལས༔ རྫས་གཞན་གྱི་ནུས་པ་འདི་ལ་རྡུགས༔ ལྷོ་རྒྱང་ཐག་རིང་པོའི་ཡུལ་ས་ལ༔ མཚོ་ཆེན་པོ་གཡུ་ཐང་ཡངས་པ་འདྲའི༔ དབུས་རིན་ཆེན་གསེར་གྱི་རི་བོ་ཡོད༔ རིའི་རྩེ་མོ་དགུང་ལ་སྙེགས་པ་མཐོང་༔ དེར་གསེར་གྱི་མཆོད་རྟེན་འབར་འོད་འབྱུང་༔ བུམ་ནང་དུ་རིན་ཆེན་རྒྱལ་པོ་ཞེས༔ ལྷ་ལེགས་པའི་དཔལ་ལྡན་འཕྲུལ་ལ་དབང་༔ ཤར་རྟ་བདུན་དབང་པོ་དང་བསྡེབ་ན༔ ལྷོ་འཛམ་བུའི་གླིང་གི་མུན་པ་སེལ༔ རིའི་རྩ་བར་ཉ་དང་སྦལ་པ་འཛིངས༔ ཤུགས་ཆེར་བསྐྱེད་འཛམ་གླིང་འཇིག་ལ་ཉེ༔ དེར་ལན་ཚྭ་རྣམ་གསུམ་མ་གཏོགས་པ༔ རྫས་གཞན་གྱིས་གསོད་པ་ག་ལ་སྲིད༔ ནུབ་རྫ་བྲག་དམར་པོའི་རྩེ་མོ་ན༔ འོད་རབ་འབར་རཱ་གའི་མཆོད་རྟེན་ཡོད༔ དེའི་བུམ་པར་དབང་སྡུད་པདྨ་འོད༔ སྐུའི་འོད་ཀྱིས་ས་གསུམ་འགེངས་ལ་ལྟོས༔ རིའི་རྩ་བར་སེང་དཀར་མ་བུ་རྩེ༔ སེང་རྩལ་ཆེན་མཐོང་བས་སྤྲེའུ་ཚོགས་མྱོས༔ དེ་འཚོ་བྱེད་སྨན་དང་མ་འཕྲད་ན༔ སེམས་དྲན་པའི་དབང་པོ་ག་ལ་རྙེད༔ བྱང་ནགས་རིའི་རྩེ་རྒྱལ་དགུང་ལ་སྙེགས༔ རིའི་རྩེ་མོར་གཡུ་ཡི་མཆོད་རྟེན་མངོན༔ དེའི་བུམ་ནང་ཕྲིན་ལས་ཡོངས་གྲུབ་ཅེས༔ སྐུའི་སྤྲུལ་པས་འཇིག་རྟེན་ཁྱབ་ན་ཡང་༔ དེའི་ཕན་གནོད་པད་ཚལ་རྒྱས་པ་ཙམ༔ རིའི་རྩ་བར་རྒྱ་སྟག་རྩལ་ཆེན་འགྲན༔ དེའི་ངར་སྒྲས་ཕྱོགས་ཀྱི་གཅན་ཚོགས་བསླང་༔ ཀུན་ཤ་ལ་རྔམས་ཤིང་གཟན་ལ་ཆས༔ དེར་སེངྒེ་དཀར་མོ་མ་གཏོགས་པ༔ གཞན་དག་གིས་ཟིལ་གྱིས་ག་ལ་ནོན༔ དབུས་དཔག་བསམ་ཤིང་གི་རྩེ་མོ་ན༔ ཁྱུང་ཆེན་པོའི་གཤོག་རྩལ་འགྲན་ན་ཡང་༔ མཐའི་གདུག་པ་ཐུལ་བར་ལྟ་ཅི་དང་༔ སྟེང་ཉི་ཟླ་བསྒྲིབ་ན་ཅི་དགེ་བྱ༔ གཟའ་སྐར་མའི་ལམ་ཆད་དུག་ཆེན་གཡོ༔ འདི་ལྷ་བདུད་གཉིས་ཀྱི་བརྡ་ལྟས་ཡིན༔ ཆོས་སྲིད་པ་གཉིས་ཀྱི་བརྡ་དཔེ་ཡིན༔ བརྡ་གོའམ་ཟེར་ཞིང་མཁའ་ལ་ཡལ༔ དེ་ནས་མི་གཉིས་དེ་རུ་བྱུང་༔ ཆུ་ལ་རྐྱལ་བཞིན་བདག་འདྲེན་བྱུང་༔ བསྡིགས་ཤིང་བརྡུང་བཙོག་བྱེད་ཅིང་ཐལ༔ བར་བར་སྔོན་གྱི་བག་ཆགས་སད༔ བྱིས་པ་དག་ལ་ཆོས་བཤད་ཅིང་༔ གཏམ་རྒྱུད་མང་པོ་དྲན་ཅིང་སྨྲས༔ ལོ་གྲངས་བརྒྱད་ལ་བབ་པའི་དུས༔ རང་གི་སྲིང་མོ་དང་འགྲོགས་ཏེ༔ བེའུ་སྟོར་བ་ཚོལ་དུ་ཕྱིན༔ མུན་དགུང་མཚམས་ཀྱི་དུས་ཚོད་དུ༔ གནམ་ནས་ཁྲག་ཐིག་རྡོ་ལ་བབ༔ མཐོང་བའི་མོད་ལ་བྲེད་ཅིང་དངངས༔ ཅི་ཡིན་དྲིས་ཀྱང་འདྲེ་ཡི་འཕྲུལ༔ རྐྱེན་དེས་ཁྱིམ་དུ་བྲོས་ནས་འོང་༔ མཚན་མོ་མལ་དུ་ཞུགས་པའི་ཚེ༔ སྣོད་བཅུད་སྟོང་པར་ཞིག་ནས་སུ༔ དབྱར་གྱི་སྲོད་མུན་འཐིབས་འདྲ་བའི༔ སྟེང་ལ་གནག་པའི་མཁའ་ཀློང་གི༔ སྟེང་ནས་ཁྲག་གི་ཆུ་ཀླུང་འབབ༔ འུར་སྒྲ་བསྐལ་པ་ཞིག་ལྟར་བྱུང་༔ ཤིན་ཏུ་བྲེད་ཅིང་དངངས་པའི་མོད༔ རྦ་རླབས་སྒྲ་ལས་འདི་སྐད་བྱུང་༔ འཇིག་འཇིག་བསྐལ་པ་ད་ནི་འཇིག༔ སྟོང་སྟོང་ནམ་མཁའ་སྟོང་པར་སྟོངས༔ ཡལ་ཡལ་སྣང་སྲིད་མེད་པར་ཡལ༔ ཞི་ཞི་ཁམས་གསུམ་སྟོངས་ལ་ཞི༔ ཡེ་ནས་མེད་པ་མ་ཡིན་ན༔ གནས་ལ་འཇིགས་པ་ག་ལ་ཡོད༔ གདོད་ནས་སྟོང་པ་མ་ཡིན་ན༔ རྟག་པ་སྟོང་པར་ཅི་ལ་འཇིག༔ སྔོན་ནས་མེད་པ་མ་ཡིན་ན༔ འཕྲལ་དུ་མེད་པར་ཅི་ལ་ཡལ༔ མེད་བཞིན་སྣང་བ་མ་ལགས་ན༔ ད་ལྟ་མེད་དུ་ཅི་ལ་འགྲོ༔ དང་པོ་རཀྟ་གང་ལས་བྱུང་༔ ནམ་མཁའ་རྟེན་མེད་སྟོང་མཁའ་ལས༔ རཀྟའི་རྦ་ཀློང་འཁྲིགས་པ་འདི༔ འབྱུང་ཁུངས་མེད་དུ་གཞི་རྩ་བྲལ༔ ཁམས་གསུམ་བརྟན་གཡོ་དེ་ལྟར་བལྟ༔ འཁོར་བ་གཟོད་མེད་སྡུག་བསྔལ་ལོ༔ འདི་ལ་བྲེད་དངངས་མི་སྐྱེ་བར༔ ཁྲག་ལ་བྲེད་པ་དེ་ཅིའི་ཕྱིར༔ མེད་ལ་སྣང་བའི་ཁྲག་མཚོ་འདི༔ མི་ལོ་ཉེར་གཉིས་བར་དུ་འབྱུང་༔ སྲིད་པ་འདི་བཞིན་མ་མཐོང་ན༔ སྲིད་པའི་དབང་མོས་ངས་སྟོན་ཟེར༔ དེ་ནས་བཟུང་སྟེ་ལོ་ཁྱིམ་དེར༔ མལ་དུ་ཞུགས་ཏེ་མིག་བཙུམ་ནས༔ ནམ་གྱི་སྲོད་ལ་མ་སླེབ་པར༔ དེ་འདྲའི་སྣང་བ་རྒྱུན་མ་ཆད༔ ཕ་དང་མ་ལ་ཡང་ཡང་སྨྲས༔ དེ་ཡིས་བློ་ཡིད་འཁྲུགས་ནས་སུ༔ གཞན་ལ་འདྲི་ཞིང་མོ་རྩིས་བྱས༔ ལ་ལས་རྒྱལ་པོའི་ཆོ་འཕྲུལ་ཟེར༔ ལ་ལས་བཙན་གྲིབ་ཡིད་ནོ་སྐད༔ བླ་མ་གདན་དྲངས་དབང་ཁྲུས་ཞུས༔ བླ་མ་མཆོག་དེའི་ཞལ་ན་རེ༔ འདི་ཉིད་བྱིས་པ་རྩ་དཀར་གདའ༔ རིགས་སད་སྔ་ལྟས་ཡིན་ཞེས་གསུངས༔ དེ་ནས་ཕ་མའི་བློ་སེམས་བདེ༔ སུ་ལ་མི་སྨྲ་རང་ཁར་འདུག༔ འཁྲུལ་པ་དེ་ལ་ཅང་མ་བྱས༔ ཡང་ཡང་བྲེད་དངངས་དེ་བྱུང་ནས༔ བསམ་མནོ་བཏང་ཞིང་ཚུལ་ལ་བལྟས༔ སྲིད་པ་ཁྲག་གི་རྒྱ་མཚོ་རུ༔ གྱུར་མཐོང་རེས་འགའ་དེ་སྟེང་ནས༔ སྟོང་ལ་དམར་འོད་ཤར་བར་སྣང་༔ རེས་འགའ་སྟོང་པའི་དབྱིངས་རུམ་ནས༔ གློག་འགྱུའི་རིང་ཙམ་བདག་ལུས་དང་༔ སྣོད་བཅུད་ཐམས་ཅད་བཀྲ་ལམ་མངོན༔ སླར་ཡང་སྟོང་པ་དེའི་ངང་ཡལ༔ སྣང་སྲིད་སྟོང་པའི་ངང་དུ་ཞུགས༔ རེས་འགའ་བདག་ལུས་མི་སྣང་ཡང་༔ སྟོང་པ་ནམ་མཁའ་ལྟ་བུའི་ཀློང་༔ ཆུ་ཟླ་ཇི་བཞིན་སྣོད་བཅུད་ཀུན༔ རང་ཤར་རང་བྱུང་ཉིད་དུ་སྣང་༔ རེས་འགའ་ནམ་མཁའ་སྟོང་པའི་ཀློང་༔ བདག་ལུས་རཀྟའི་ཆུ་ཀླུང་ཆེར༔ གྲོང་ཁྱེར་དྲུག་གི་སེམས་ཅན་ཀུན༔ ཆུ་གནས་སྲོག་ཆགས་ལྟར་དུ་གནས༔ རེས་འགའ་རཀྟ་འགྲོ་ལ་ཐིམ༔ རེས་འགར་འགྲོ་དྲུག་རཀྟར་ཐིམ༔ རེས་མོས་སྣང་བ་མ་ངེས་ཤར༔ རེས་འགའ་རཀྟའི་ཆུ་ཀླུང་དེ༔ བདག་གི་ཁོག་པའི་སྟོད་ནས་འབབ༔ ཁོག་སྨད་རཀྟའི་རྒྱ་མཚོར་སྣང་༔ དེ་ནང་མཚོ་ལ་གཟའ་སྐར་བཞིན༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་སྣང་༔ རེས་འགའ་སྣང་དང་སྣང་བའི་ཡུལ༔ གཉིས་མེད་དྭངས་གསལ་འོད་སྣང་དུ༔ འཕོས་ཤིང་མངོན་གྱུར་ངང་དུ་བརྡལ༔ གནད་དེས་སྣང་སྲིད་འཁོར་འདས་ཀུན༔ རང་སྣང་ཉིད་དུ་ཐག་ཆོད་མཉམ༔ གཉིས་མེད་ཆེན་པོ་མངོན་དུ་གྱུར༔ རྫོགས་ཆེན་དགོངས་པའི་ཀློང་རྡོལ་ནས༔ ཆོས་ཉིད་ནམ་མཁའ་མཛོད་ལ་དབང་༔ གཏན་དུ་བདེ་བའི་སྐྱིད་འགོ་ཚུགས༔ ལོ་ཁྱིམ་དེ་ཡི་སྨད་ཀྱི་ཆ༔ ཧོར་ཟླ་བཅུ་པའི་ཚེས་བརྒྱད་ནུབ༔ མཁའ་འགྲོ་སུ་ཀ་སིདྡྷི་ཡིས༔ ཀྱེ་ཧོ་སྐལ་བཟང་སྐྱེས་བུ་མཆོག༔ སྣང་སྲིད་ལྷ་འདྲེ་བདེ་སྡུག་བསྔལ༔ ཐམས་ཅད་འཁྲུལ་པའི་རྫུན་རིས་ལགས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ མེད་བཞིན་སྣང་བ་སྟོང་པ་ཉིད༔ ཕྱི་ཡི་སྣང་བ་ཐམས་ཅད་ཀུན༔ མེད་དང་མ་བྱུང་མ་སྐྱེས་པའི༔ ཚུལ་ལ་ལྟོས་དང་རང་བཞིན་རྟོགས༔ ཞེས་ཟེར་བདག་ལ་ཐིམ་སྣང་བྱུང་༔ རྣ་མཆོག་ཅན་ལོ་ས་ག་ཟླའི༔ ཚེས་ལྔའི་ཉིན་གྱི་ཕྱེད་ཡོལ་དུས༔ བྱིས་པ་གཅེར་བུ་མདངས་ལྡན་ཞིག༔ སྒ་རྐྱང་ཞིག་གི་གོང་དུ་ཞོན༔ ང་ལ་སྡང་མིག་བགྲད་ནས་སུ༔ ཁྱོད་སྐྱེན་པོ་ཡིན་ན་མདའ་མོ་འཕོངས༔ ང་བྱིས་པ་ལུས་སྟོབས་བཟང་པོ་ཡིན༔ ཅི་དགའ་གང་དགའ་མདའ་ལ་དགའ༔ ཁྱོད་མདའ་མོ་འཕོང་དང་ངེས་སྒུག་ཟེར༔ བདག་གིས་སྐྱེར་པའི་མདའ་འཕངས་པས༔ བྱིས་པར་མ་ཕོག་ཡོབ་ཆེན་མཐིལ༔ འདག་པ་བཞིན་དུ་ཐལ་མར་ཕུགས༔ བྱིས་པ་གད་མོ་ལྷག་ལྷག་དགོད༔ ང་ནི་རྡོ་རྗེ་ལེགས་པ་ཡིན༔ སྟོང་ཉིད་མི་རྫུན་བདེན་པའི་ལྟས༔ ཤིང་གིས་ལྕགས་ཉིད་འབིགས་པ་དང་༔ མེད་པར་ཡོད་འཛིན་བྱིས་པར་སྣང་༔ དེ་ཡང་དབྱིངས་སུ་ནུབ་ལ་ལྟོས༔ ཞེས་ཟེར་སྒ་ལས་གཞན་མི་སྣང་༔ ལོ་ཁྱིམ་བཅུ་ལ་བབས་པའི་ཚེ༔ དབྱུག་གུ་ཟླ་བའི་ཚེས་བརྒྱད་ནུབ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ ཨོ་རྒྱན་ཆེན་པོ་མཇལ་འགྲོ་ཟེར༔ སྟེང་གི་ནམ་མཁར་སོང་བའི་མོད༔ རྟེན་མེད་ནམ་མཁའི་དབྱིངས་ཞིག་ན༔ རྡོ་རྗེའི་གུར་ཆེན་འཇའ་འོད་ཀློང་༔ ཨོ་རྒྱན་ཡབ་ཡུམ་རྣམ་གསུམ་ནི༔ གཞོན་ནུ་མཚན་དཔེའི་གཟི་འོད་འབར༔ དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར༔ མཐོང་བའི་མོད་ལ་བདག་ཡིད་འཕྲོག༔ གུས་ཕྱག་འཚལ་ཞིང་བསྐོར་བ་བྱས༔ མདུན་དུ་འཁོད་ཅིང་འདི་སྐད་ཞུས༔ ཀྱེ་ཧོཿསངས་རྒྱས་ཀུན་འདུས་ཀྱི་ངོ་བོ༔ དམ་ཆོས་རྒྱུད་སྡེ་ཡི་གཏེར་མཛོད༔ འཕགས་པའི་དགེ་འདུན་གྱི་ཚོགས་དཔོན༔ དཀོན་མཆོག་གསུམ་པོ་ཁྱེད་མཁྱེན་ནོ༔ བླ་མེད་བླ་མ་ཡི་ངོ་བོ༔ ཡི་དམ་རྒྱ་མཚོ་ཡི་བདག་ཉིད༔ མ་དང་མཁའ་འགྲོ་ཡི་ཀློང་ཆེན༔ རྩ་གསུམ་ཀུན་འདུས་ཁྱེད་མཁྱེན་ནོ༔ ངོ་བོ་སྤྲོས་བྲལ་གྱི་ཆོས་སྐུ༔ རང་བཞིན་ལྷུན་གྲུབ་ཀྱི་ལོངས་སྐུ༔ ཐུགས་རྗེ་ཀུན་ཁྱབ་ཀྱི་སྤྲུལ་སྐུ༔ སྐུ་གསུམ་ཡོངས་འདུས་ཁྱེད་མཁྱེན་ནོ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར༔ བཟོད་མེད་ཟུག་གཟེར་གྱིས་གདུང་བའི༔ སྐྱབས་མེད་སེམས་ཅན་གྱི་ཚོགས་རྣམས༔ ཕྱོགས་མེད་ཐུགས་རྗེ་ཡིས་སྐྱོངས་ཤིག༔ མ་རིག་འཁྲུལ་བ་ཡི་འཁོར་ལོ༔ བར་མེད་ཁོར་ཡུག་ཏུ་འཁོར་བའི༔ དམུས་ལོང་མགོན་མེད་བདག་སྐྱོབས་ཤིག༔ རང་དབང་བརྟན་པ་དང་བྲལ་ནས༔ བར་མེད་སྡུག་བསྔལ་ལ་སྤྱོད་པའི༔ འཁོར་བའི་སེམས་ཅན་བདག་སྐྱོབས་ཤིག༔ ལོག་ལམ་བདུད་དབང་དུ་གྱུར་བའི༔ དབང་མེད་ལས་ངན་ལ་སྤྱོད་ཅིང་༔ ངན་སོང་མཐའ་མེད་དུ་བཏང་བའི༔ བག་མེད་སྨྱོན་པ་བདག་སྐྱོབས་ཤིག༔ ཚེ་རབས་ཐོག་མེད་ཀྱི་དུས་ནས༔ སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་ཅིང་༔ རང་བྱས་རྣམ་སྨིན་གྱིས་མནར་བའི༔ ལས་ངན་སྡིག་ཆེན་བདག་སྐྱོབས་ཤིག༔ ཅེས་གསོལ་བ་ཕུར་ཚུགས་སུ་བཏབ་པའི་མོད་ལ༔ གུ་རུ་རིན་པོ་ཆེས་ཞལ་འཛུམ་པ་མཛད་ནས་དགྱེས་བཞིན་པས་འདི་སྐད་དོ༔ ཀྱེ་ཧོ༔ གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ༔ ལོ་གྲངས་ཉེར་ལྔར་བབ་པའི་དུས༔ ང་ཡི་ཟབ་གཏེར་སྒོ་ཕྱེས་ལ༔ གང་འདུལ་ཐབས་ཀྱིས་གདུལ་བྱ་སྐྱོངས༔ དུས་ངན་བསྐལ་པའི་མར་གཤམ་འདིར༔ དམུ་རྒོད་སེམས་ཅན་འདུལ་དཀའ་བས༔ དབང་སྡུད་རྨ་རུ་རྩེ་རྒྱལ་དང་༔ དབང་ཕྱུག་ཆེན་པོ་གྲོགས་སུ་བརྟེན༔ སྨོན་ལོག་བདུད་ཚོགས་དགྲ་རུ་ལངས༔ ཁ་མཆུ་གྱོད་ཀྱི་ལ་ཡོག་འདོར༔ དེ་ལ་སྤྱན་གཅིག་མ་མོ་དང་༔ གཟའ་བཙན་གདུག་པ་ཅན་རྣམས་བཀོལ༔ བསྐོར་ལྡབ་མང་པོར་བསྐྱར་སྒྲུབ་འབད༔ མི་འགྱང་མི་ཐོགས་ཚར་གཅོད་འགྱུར༔ ཚེ་རབས་བཅུ་གསུམ་དང་འབྲེལ་བའི༔ ལྷག་ལྷ་རྡོ་རྗེ་ཁྲོ་ལོད་བརྟེན༔ ཁྱོད་ཉིད་ཕུར་པ་དངོས་ཡིན་ཕྱིར༔ རྡོ་རྗེ་ཕུར་པ་གསང་ཐབས་བསྒྲུབ༔ ཁྱོད་ནི་ཧཱུྃ་ཆེན་ཀཱ་རའི་དུས༔ མཁའ་འགྲོའི་གསང་མཛོད་བདག་པོ་སྟེ༔ སྐུ་གསུམ་མཁའ་འགྲོ་བསྒྲུབ་ལ་འབུངས༔ ཞེས་གསུངས་ནས་ཕྱག་གཡོན་པ་བདག་གི་སྤྱི་བོར་བཞག་ནས་ཁྱོད་ང་ཡི་བུ་མཆོག་དམ་པ་ཡིན་ཏེ༔ དུས་དེ་རིང་ནས་ང་དང་ཁྱོད་གཉིས་ཀ་སྐད་ཅིག་ཙམ་ཡང་འབྲལ་མེད་དུ་འགྲོགས་ནས་མི་དང་མི་ལབ་པ་ལྟར་ཆོས་ཉིད་གནས་ལུགས་མངོན་དུ་མ་གྱུར་གྱི་བར་དུ་ཡང་ཡང་མཇལ་ངེས་པ་ཡིན་གསུངས་ནས་བདག་ལ་ཐིམ་པ་དང་མཉམ་དུ་གཉིད་སད་དོ༔ ལོ་ཁྱིམ་དེ་ཡི་སྨིན་དྲུག་ཟླའི༔ ཚེས་བཅུའི་ནུབ་མོ་རྨི་ལམ་ན༔ གླིང་རྗེ་གེ་སར་ཡིན་སྐད་པའི༔ གོས་སུ་ཁྲབ་དང་རྨོག་གསོལ་ཞིང་༔ འཁོར་གསུམ་རྐེད་ལ་བསྐོར་བ་ཅན༔ ནམ་མཁའི་ཁམས་སུ་རྒྱུ་བ་མཐོང་༔ བདག་གི་ཐད་ཀྱི་ས་ལ་བབ༔ གླུ་འདི་དལ་གྱིས་ལེན་པ་ཐོས༔ ཡེ་ཡེ༔ ཨ་ལ་ཧོ༔ ང་ངོ་ཁྱོད་ཀྱིས་ཨེ་ཤེས་ལོ༔ ང་ངོ་ཁྱོད་ཀྱིས་མ་ཤེས་ན༔ ང་འཛམ་གླིང་སེང་ཆེན་རྒྱལ་པོ་ཡིན༔ སྔོན་འདས་པའི་བསྐལ་པའི་དུས་ཤིག་ན༔ སྟེང་ལྷ་ཆེན་ཚངས་པ་གདོང་བཞི་ལགས༔ མགོན་ཤཱཀྱ་ཐུབ་པའི་སྲས་སུ་གྱུར༔ དུས་བར་པར་འཇིག་རྟེན་མི་ཡུལ་འདིར༔ ངའི་སྤྲུལ་པས་གདུལ་བྱ་ཐབས་ཀྱིས་འདུལ༔ དུས་བར་གྱི་བསྐལ་པའི་དུས་ཤིག་ན༔ ང་འཛམ་གླིང་སྐྱེས་བུ་གེ་སར་ཞེས༔ སྟོད་རྒྱ་གར་འཕགས་པའི་ཡུལ་དང་ནི༔ བར་བོད་ཡུལ་ཁ་བ་ཅན་གྱི་ཡུལ༔ སྨན་ནག་པོ་རྒྱ་དང་སེར་པོ་སོག༔ ཡུལ་དེ་ཀུན་སྙན་དང་གྲགས་པས་ཁྱབ༔ ཡུལ་བོད་ཁམས་སྐྱོབ་པའི་ནོར་གཏེར་བདག༔ ལྷོ་འཛམ་གླིང་སྤྱི་ལ་ཕན་ཆེན་བཏགས༔ གནས་ཀུན་ཏུ་ཉུལ་ཞིང་ལྷ་འདྲེ་བཏུལ༔ ཡུལ་ཀུན་ལ་ས་བཅུད་བླ་གཏེར་སྦས༔ དུས་དེ་རུ་གྲུབ་ཆེན་ཧཱུྃ་ཀཱ་ར༔ གླིང་མེས་པོ་ཁྲ་རྒན་ཅེས་བྱ་སྤྲུལ༔ ངས་གཏེར་འཁོར་སུམ་ཅུའི་མགོ་འཛིན་བྱས༔ དགྲ་མི་སྲུན་དམ་སྲི་ཆམ་ལ་ཕབས༔ དུས་དེང་སང་བུ་ཆུང་ཁྱོད་ཉིད་ལགས༔ ད་བུ་ཆུང་སྐལ་བ་བཟང་པོ་ཁྱོད༔ ཚེ་འདི་སྣང་མི་རྟག་རྨི་ལམ་འདྲ༔ དེ་ཤེས་པར་མཛོད་ལ་ཡིག་དྲུག་སྒྲོངས༔ གྲོགས་མཛའ་བཤེས་སྒྱུ་མའི་སྐྱེས་བུ་འདྲ༔ ནོར་ལོངས་སྤྱོད་སྤྲུལ་པའི་མིག་འཕྲུལ་འདྲ༔ དེ་ཤེས་པར་མཛོད་ལ་ཡིག་དྲུག་སྒྲོངས༔ གཟུགས་མི་རྟག་མིག་ཡོར་སྣང་བ་འདྲ༔ སྒྲ་མི་རྟག་བྲག་ཆ་ལྟ་བུ་སྟེ༔ དྲིའི་སྣང་བ་མི་རྟག་སྨིག་རྒྱུ་འདྲ༔ རོ་སྣང་བ་མི་རྟག་ཆུ་བུར་འདྲ༔ ཡུལ་རེག་བྱ་མི་རྟག་གཟུགས་བརྙན་འདྲ༔ དེ་སོམས་ལ་ཡི་གེ་དྲུག་མ་སྒྲོངས༔ ལོ་མི་རྟག་དབྱར་དགུན་གཉིས་ཀྱིས་འགྱུར༔ ཟླ་མི་རྟག་དཀར་ནག་གཉིས་ཀྱིས་འགྱུར༔ ཞག་མི་རྟག་ཉིན་མཚན་གཉིས་ཀྱིས་འགྱུར༔ དུས་མི་རྟག་སྔ་དྲོ་ཕྱི་དྲོས་འགྱུར༔ དེ་སོམས་ལ་ཡི་གེ་དྲུག་མ་སྒྲོངས༔ དུས་རྟག་ཏུ་མི་རྟག་འཆི་བ་སོམས༔ མི་ཁྱོད་ཀྱི་ཚེ་ཡི་མཇུག་འདི་ལ༔ དོན་ཆེན་པོ་འགྲུབ་པར་གདོན་མི་ཟ༔ ཞེས་ཟེར་ཞིང་བདག་གི་སྙིང་གར་ཐིམ༔ དུས་དེ་ནས་ཆོས་ཀྱི་བསམ་པ་སྐྱེས༔ ལོ་ཁྱིམ་དེ་ཡི་རྒྱལ་ཟླ་བའི༔ ཚེས་གྲངས་ཉེར་ལྔར་བབ་པའི་དུས༔ ཐོ་རངས་ནམ་གྱི་སྨད་ཆ་ལ༔ རྨི་ལམ་དག་པའི་སྣང་ངོ་རུ༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཉིད༔ རྗེ་འབངས་ཚོགས་ཀྱིས་བསྐོར་བའི་མདུན༔ གནོད་སྦྱིན་ཤན་པ་དམར་ནག་ལ༔ སྤྲུལ་འཁོར་བརྒྱད་དང་སྡེ་བརྒྱད་ཀྱིས༔ བསྐོར་ནས་ལྷ་མིའི་དམག་དཔུང་བཞིན༔ ནམ་མཁའི་ཁམས་ཀུན་ཁྱབ་པ་མཐོང་༔ དེ་ཚེ་ཨོ་རྒྱན་ཆེན་པོ་ཡིས༔ བདག་ལ་དགྱེས་པའི་ཞལ་བསྟན་ནས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དད་ཅིང་གུས་པའི་ཡིད་ཀྱིས་ཉོན༔ ཚེ་རབས་དུ་མར་ལས་འབྲེལ་བའི༔ ལྷ་འདི་གཞན་ལས་ཁྱད་པར་འཕགས༔ བསྒྲུབ་ན་ཚེགས་མེད་འགྲུབ་འགྱུར་གྱི༔ ལས་བཞིའི་ཕྲིན་ལས་འདིས་འགྲུབ་སྟེ༔ ཁྱད་པར་དབང་དྲག་ལས་སུ་མཆོག༔ དེ་ཕྱིར་ཁྱོད་ལ་བསྐུར་བར་བྱ༔ ཞེས་གསུངས་ཤིང་ཕྱག་གཡས་གསེར་གྱི་རྡོ་རྗེ་བདག་གི་མགོ་ཐོག་ཏུ་བཞག་ནས་འདི་སྐད་གསུངས༔ དཔལ་རྟ་མཆོག་དབང་གི་རྒྱལ་པོ་དང་གཉིས་སུ་མ་མཆིས་པའི༔ མཐུ་རྩལ་གྱི་ཆེ་བ་འཇིག་རྟེན་གསུམ་གྱིས་མ་འགྲན་པ༔ དྲག་རྩལ་གྱི་ནུས་པ་གནམ་ལྕགས་ཐོག་བརྒྱ་ལས་ཀྱང་ལྷག་པ༔ མྱུར་མགྱོགས་ཀྱི་རྩལ་ཤུགས་བར་སྣང་གློག་ལས་ཀྱང་ཆེས་ཆེར་མྱུར་བ༔ སྒྲོལ་བའི་སྟོབས་ཆེ་ཞིང་སྣང་སྲིད་ལ་དབང་བ་འདི་ཁྱོད་ལ་མི་འབྲལ་བའི་གྲོགས་དང་ཕྲིན་ལས་སྒྲུབ་པའི་སྲུང་མ་རུ་སྟེར་རོ༔ སྦྱིན་ནོ༔ སྲོག་གི་དབང་བསྐུར་རོ༔ ཞེས་གསུངས་མ་ཐག་ཏུ་བདག་གི་གྲོགས་སུ་ཁས་བླངས་ཤིང་དམ་བཅས་མནའ་ཐོ་བྱེད་པའི་སྣང་བ་བྱུང་༔ སླར་ཡང་ཨོ་རྒྱན་ཆེན་པོ་ཡིས༔ ཀྱེ་ཉོན་དང་སྐལ་བཟང་སྐྱེས་བུ་ཁྱོད༔ དྲེགས་པ་འདི་ཉིད་བསྒྲུབ་པའི་དུས༔ བླ་རྡོ་སྲོག་གི་གནད་གཅིག་ཡིན༔ རྟོད་ལ་མནན་པ་གནད་ཀྱི་གནད༔ སྒྲུབ་དལ་བྲུབ་ཁུང་གཏོར་མ་ལ༔ དྲག་པོ་རྩང་གི་ར་བས་བསྐོར༔ དགྲ་བོའི་རཱུ་པ་མིང་རུས་མཁན༔ བཀོད་ནས་ཁྱི་དམར་སྙིང་ནང་ངམ༔ ཡང་ན་ཁམ་སའི་རཱུ་པར་བཅུག༔ བྲུབ་དོང་ནང་དུ་བཞག་ནས་སུ༔ དུས་བཞིར་འགུགས་གཞུག་ཡང་ཡང་བྱ༔ འབོད་པ་འདི་ལ་ནན་ཆེར་འབད༔ ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲཱི་ཏྲི་ས་མ་ཡ་ཛཿཛཿབླ་འགུགས་དང་སྦྲགས་ནན་ཆེར་འབད༔ དེ་ཚེ་བསྐྱེད་ཅིང་བསྒོམ་པའི་ལྷར༔ ཆུ་ལ་ཆུ་བསྣན་ཇི་བཞིན་པར༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་༔ ཡེ་ཤེས་འཇིག་རྟེན་སྲུང་མ་རྣམས༔ བསྐྱེད་རིམ་ལྷ་ཡི་རྣམ་པ་རུ༔ གྱུར་ནས་ཐིམ་པར་ཡང་ཡང་དམིགས༔ རེས་འགའ་འཁོར་འདས་བརྟན་གཡོའི་ཁམས༔ ཡོངས་ལ་གནས་ཤིང་བརྟེན་བཅས་པའི༔ གནོད་སྦྱིན་མཐུ་ནུས་དྲག་ཤུལ་ཅན༔ འབྱུང་བ་ལྔ་ཡི་གཟའ་རྒོད་བཅས༔ དྲེགས་པ་དེ་ཡི་རྣམ་རོལ་དུ༔ སྤྱན་དྲངས་ཐིམ་པར་ཡང་ཡང་དམིགས༔ མཐུ་ནུས་གཟི་བྱིན་སྟོབས་དང་ཤུགས༔ ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བསམ༔ འཁོར་འདས་མ་ལུས་ཐམས་ཅད་ཀུན༔ བསྡུས་ཏེ་ཁོ་ལ་འདུས་པར་བསྒོམ༔ ལྷར་སྣང་མ་འགགས་ཤེས་རྒྱུན་འབྲེལ༔ སྔགས་རྒྱུན་མ་ཆད་སྨྲ་བཅད་བྱ༔ འབོད་དམིགས་ལན་གྲངས་མང་དུ་བསྐྱར༔ གདོད་ནས་མ་གྲུབ་སྒྲུབ་པའི་ལྷ༔ སེམས་ཀྱིས་བཟོས་ལ་དམིགས་པར་གཟབ༔ མཆོད་དང་བསྐང་བ་བྱེད་པའི་ཚེ༔ རྨི་ལམ་ཉིད་ཀྱི་ཆོ་འཕྲུལ་ལྟར༔ འདོད་ཡོན་ལོངས་སྤྱོད་འཕྲལ་དུ་འཕྲུལ༔ འདི་བརྗོད་པས་ན་དོན་འགྲུབ་འགྱུར༔ ཀྵ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་བསྐུར་བཞེངས་ཤིག༔ དངོས་སུ་འབྱོར་བའི་མཆོད་པ་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ དབང་པོ་ལྔ་ཡི་སྤྱོད་ཡུལ་དུ༔ འདོད་རྒུའི་སྣང་བ་ཅིར་ཡང་འཕྲུལ༔ གནོད་སྦྱིན་དམར་ནག་ཐུགས་དམ་བསྐང་༔ ཡུམ་དང་སྤྲུལ་འཁོར་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་ཉམས་ཆག་བཤགས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ དེ་ལྟར་རྟག་ཏུ་ཉིན་བཞིན་འབད༔ གནད་དེས་ཁྱོད་ཀྱི་འདོད་དོན་འགྲུབ༔ སླར་ཡང་བདག་གི་སྤྱི་བོར་བྱོན་ནས༔ རྒྱལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ལོ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རུ་དབང་བསྐུར་རོ༔ འཁོར་བ་དོང་ནས་སྤྲུགས་པའི་སྟོབས་སྦྱིན་ནོ༔ ཞེས་གསུངས་ཤིང་བདག་གི་སྤྱི་བོར་ཐིམ་པས་འཁོར་འདས་དག་མཉམ་གྱི་ཉམས་ཤིག་ཤར༔ ལོ་གྲངས་བཅུ་གསུམ་ལ་བབ་ཚེ༔ སྙི་ཡི་ཤུག་ཆེན་ལ་ཁ་རུ༔ ཉིན་མོ་གཉིད་དུ་ཕྱོགས་པ་ལས༔ རྨི་ལམ་འཁྲུལ་པའི་སྣང་ཆ་ལ༔ ཤར་ཕྱོགས་ནམ་མཁའ་ཡངས་པའི་མཁར༔ སྤྲིན་དཀར་དུང་མདོག་གུར་འདྲ་མཐོང་༔ དེ་ལ་ཅུང་ཟད་བལྟས་པའི་མོད༔ མཁའ་འགྲོ་མཱ་ཀི་ཡིན་སྐད་པའི༔ བུད་མེད་དཀར་མོ་ཞིག་ན་རེ༔ ཁྱོད་ཀྱི་ཐད་དུ་ཁ་བལྟ་བའི༔ བྲག་དམར་ཡ་ཀིའི་རྩ་བ་ན༔ སྡིག་པ་རཱ་ཙ་ཕྲ་མོ་ཡོད༔ དེའི་ཚལ་བྲག་ལ་རྡོ་རྒྱོབ་ལ༔ བཀྲ་ཤིས་ཐུགས་ཀྱི་དཔལ་བེའུ༔ ཁྱོད་ལ་བུ་སྐལ་ངེས་སྟེར་ཟེར༔ དེ་མ་ཐག་ཏུ་གཉིད་སད་ནས༔ བྲག་གི་ཚལ་དུ་ཕྱིན་པ་ལས༔ རྩ་བར་སྡིག་པ་ཕྲ་མོ་མཐོང་༔ བྲག་ལ་རྡོ་ཡིས་རྒྱབ་པ་ལས༔ བྲག་ལོག་གད་པའི་ངོས་ཚིག་ནས༔ ཟངས་ཀྱི་དཔལ་བེའུ་མཛེས་པ་རྙེད༔ ལོ་ཁྱིམ་དེ་ཡི་གླང་གི་ཟླའི༔ ཚེས་བརྒྱད་ནམ་གྱི་སྟོད་ཆ་རུ༔ ཨོ་རྒྱན་གཏེར་བདག་རྒྱལ་པོ་ཞེས༔ གསེར་མདོག་ལྕགས་ཀྱུ་ནེའུ་ལེ་ཅན༔ གནོད་སྦྱིན་སྟོང་གི་དབུས་ན་ངོམས༔ འཕྲུལ་གྱི་བཀོད་པ་འགྱེད་པ་མཐོང་༔ དེ་ལ་བདག་གིས་ཕྱག་འཚལ་ནས༔ བདག་ཅག་དབུལ་ཕོངས་ཀྱིས་མནར་བའི༔ འགྲོ་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ཞུས་ཚེ་འཛུམ་པའི་བཞིན་མདངས་ཀྱིས༔ བདག་ལ་གཟིགས་ནས་འདི་སྐད་གསུངས༔ ཀྱཻ་ཧོ་སྐལ་ལྡན་སྐལ་བ་ཅན༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ང་ཉིད་དབང་ཕྱུག་ཆེན་པོར་སྤྲུལ༔ སྒྲུབ་པར་བྱེད་པའི་སྐྱེས་བུ་ཡི༔ མདུན་སར་མཆིས་ཏེ་དངོས་གྲུབ་སྟེར༔ དེ་ལ་བདག་གིས་འདི་སྐད་ཞུས༔ ཁྱོད་ཀྱི་སྒྲུབ་ཐབས་ཇི་ལྟར་ལགས༔ སྒྲུབ་ན་ཆུད་མི་ཟ་བའི་ཐབས༔ ཟབ་མོའི་ཆོས་དེ་བསྟན་དུ་གསོལ༔ ཞེས་ཞུས་ཚེ་ཨོ་རྒྱན་ཆེན་པོའི་ཞལ་ལྷོ་ནུབ་མཚམས་སུ་འགྱུ་སྟེ་ང་སྒྲུབ་ན་འདི་ལྟ་བུ་ཞིག་བསྐྱེད་དགོས་ཞེས་གསུངས་ནས་དེར་སྐད་ཅིག་དེ་ཉིད་ལ་རིན་པོ་ཆེ་གསེར་གྱི་བྲག་སྐྱིབ་རྒྱ་ཆེ་ལ་ཁྱོན་ཡངས་པ་རྩེ་མོ་དགུང་ལ་སྙེགས་པ་ལ་རྒྱབ་བརྟེན་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་རཱ་གའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་ཟླ་ཕྱེད་ཀྱི་སྟེང་ན་སྐུ་གཅེར་བུ་བག་དྲོ་ཞིང་ལྷུན་ཆགས་པ་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་རལ་པ་མཐིང་ནག་ས་ལ་སླེབ་ཅིང་སྤྱི་བོར་ཟླ་ཕྱེད་དང་ལྟེ་བར་ཉི་མ་ཤར་བ༔ གཡས་པས་ལྕགས་ཀྱུ་དང་གཡོན་པས་ཉི་ཟེར་གྱི་ཞགས་པ་བསྣམས་པ་གསེར་གྱི་བྲག་ལ་རྒྱབ་བརྟེན་པའི་གཡོན་དུ་ཡུམ་གཅེར་བུ་དམར་མོ་ཤིན་ཏུ་མཛེས་པའི་བཞིན་མདངས་ཅན་རལ་པ་ལྗང་སྔོན་ས་ལ་སླེབས་པ༔ གཡས་ན་ལྕགས་ཀྱུ་དང་གཡོན་ན་ནོར་བུ་བསྣམས་ནས་སྐུ་ཡབ་ལ་རེག་ཅིང་ཆགས་པའི་ཟུར་མིག་བལྟ་བ༔ འཁོར་ལས་བཞིའི་མཁའ་འགྲོ་དམར་མོ་བཞིས་བསྐོར་བ་བཀྲག་མདངས་གཟི་བྱིན་བལྟར་མི་བཟོད་པར་འབར་བ་ཞིག་ཏུ་གྱུར༔ བུ་མ་ཡེངས་པར་ཉོན་ཅིག་ཟླ་གམ་དབང་གི་དཀྱིལ་འཁོར་དམར་པོའི་སྟེང་དུ་གཏོར་མ་ཙིཏྟ་ལྟ་བུའི་གཡོན་དུ་ལྷ་བཤོས་མཛེས་ཤིང་ཡིད་འོང་མཐར༔ བཤོས་བུ་ལས་བཞིའི་དབྱིབས་ཅན་བཞི་བཞག་པ་ལ་མཆོད་པའི་ཡོ་བྱད་འབྱོར་ཚོགས་གྱ་ནོམ་པ་བཤམས་ནས་ཤེས་པ་གཞན་དུ་མ་ཡེངས་མི་ཚིག་གིས་བར་མ་ཆོད་གདན་གྱི་དྲོད་མ་ཡལ་བར་སྔགས་འདི་ལ་འབད༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིང་ཧྲཱིང་ཧ་རི་ནི་ས་ས་མ་ཡ་ཛ་ཛཿཞེས་བརྗོད་རྟགས་ཤར་བའི་དུས་སུ་ལས་སྦྱོར་གྱི་གཤམ་བུ་གདགས་ལ་བཟླ༔ ང་སྒྲུབ་པས་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་འགྲུབ་ངེས་པ་ཡིན་པས་ཐེ་མི་ཚོམ་པར་གྱིས་ཤིག༔ རིགས་ཀྱི་བུ་ལྷ་གང་དང་ལས་གང་བསྒྲུབ་ཀྱང་འགྲུབ་སླ་ཞིང་ལས་མྱུར་བའི་ཕྱིར༔ བདེན་བརྗོད་འདོད་དོན་ལ་སྨོན་ནས་རྟེན་འབྲེལ་སྙིང་པོ་འབུམ་ཕྲག་བཞི་བཟླ་བ་གནད་དུ་ཟུངས་ཤིག༔ སུས་དེ་ལྟར་བཟླས་པས་ལས་མི་འགྲུབ་མི་སྲིད་དོ༔ ཀྱཻ་ཧོཿཡང་ཅིག་གསོན་དང་སྐལ་ལྡན་བུ༔ དུས་ངན་སྙིགས་མའི་སེམས་ཅན་ཀུན༔ ལས་དང་ཉོན་མོངས་དབང་གྱུར་པས༔ ལོངས་སྤྱོད་འབྱོར་པ་སྤེལ་དཀའ་བའི༔ དང་པོ་བསོད་ནམས་རྒྱ་ཆེར་བསགས༔ བར་དུ་ཚོགས་ཀྱི་འཁོར་ལོ་བསྐོར༔ ཐབས་ཀྱི་བཤགས་སྦྱངས་མང་དུ་འབད༔ བསྐང་བ་གསོལ་མཆོད་གྲངས་མང་བཏང་༔ ལྷར་སྣང་མི་འབྲལ་གནད་དུ་ཤེས༔ ལྟ་བའི་རྒྱལ་པོ་ངོ་ཤེས་ན༔ རིན་ཆེན་གཏེར་གྱི་བང་མཛོད་ཡིན༔ ཀུན་ཏུ་བཟང་པོའི་རྒྱལ་སྲིད་ཡིན༔ ལྟ་བའི་རྒྱལ་པོ་མ་ཤེས་ན༔ བསྙེན་སྒྲུབ་བྱས་ཀྱང་འཁོར་བའི་རྒྱུ༔ དེ་ལ་བདག་གིས་འདི་སྐད་ཞུས༔ ལྟ་བ་གང་ལགས་བསྟན་དུ་གསོལ༔ ཞེས་པའི་ལན་དུ་འདི་སྐད་དོ༔ ལྟ་བའི་རྒྱལ་པོ་ནམ་མཁའ་སྟེ༔ སྣོད་བཅུད་ནམ་མཁའི་ཡོ་ལངས་ཡིན༔ ནམ་མཁའ་ལྟ་བ་མཉམ་པ་ཉིད༔ ཅེས་ཟེར་སྒྱུ་མ་ལྟ་བུར་ཡལ༔ ལོ་གྲངས་བཅུ་བཞིར་བབ་པའི་དུས༔ དབྱར་ཟླ་ར་བའི་བཅོ་ལྔའི་ནུབ༔ ས་གཞིར་མེ་ཏོག་པདྨོ་རྒྱས༔ ནམ་མཁར་འཇའ་ཡི་དྲྭ་བ་འཁྲིགས༔ བར་སྣང་ལྷ་དང་ལྷ་མོས་གང་༔ ཡིད་འོང་བཀོད་པ་མཛེས་ལྡན་པའི༔ རིན་ཆེན་ཁང་བཟང་ཡངས་པའི་ནང་༔ མཛེས་ལྡན་རབ་མཐོའི་ཁྲི་ཡི་སྟེང་༔ གྲུབ་ཆེན་ཧཱུྃ་ཀར་ཡིན་སྐད་པའི༔ རྣལ་འབྱོར་མཐིང་ནག་གཟི་མདངས་ཅན༔ ཧེ་རུ་ཀ་པའི་ཆས་ལྡན་ཞིག༔ མཁའ་ལ་འཇའ་ཚོན་བཀྲ་བཞིན་ཤར༔ མཉེས་ཤིང་བརྩེ་བའི་ཚུལ་བསྟན་ནས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ སྔོན་ཚེ་མཁན་སློབ་ཆོས་གསུམ་གྱིས༔ བོད་དུ་དཔལ་གྱི་བསམ་ཡས་བཞེངས༔ བསྟན་པ་གཉིས་ཀྱི་རྒྱལ་མཚན་བསྒྲེངས༔ མི་སྲུན་གདུག་པའི་བོན་བསྟན་བསྣུབས༔ དེ་ཚེ་བོན་བསྟན་འཛིན་པ་ཡི༔ བདུད་སྤྲུལ་བོན་གྱི་རིགས་སྐྱོང་བའི༔ བློན་དང་འབངས་སྡེ་མང་པོ་ཡིས༔ སྨོན་ལས་ལོག་པའི་ལས་འབྲེལ་གྱིས༔ རྒྱལ་བསྟན་འཛིན་པའི་སྐྱེས་བུ་དང་༔ རྒྱལ་བའི་གདུང་འཛིན་གཏེར་སྟོན་ལ༔ དགྲ་ཇག་རྐུ་འཕྲོག་དམག་ལས་དང་༔ གཤེ་སྐུར་ལོག་ལྟའི་ལ་ཡོག་འདོར༔ དེ་ཡིད་འཕྲོག་ཅིང་ཟིལ་གནོན་ཕྱིར༔ ལྷ་ཆེན་དབང་ཕྱུག་ཆེན་པོ་བསྟེན༔ དེ་ཡི་སྒྲུབ་པ་འདི་ལྟ་སྟེ༔ མཚལ་དང་ལི་ཁྲིས་བྱུག་པ་ཡི༔ དཀྱིལ་འཁོར་གཞལ་ཡས་བཀོད་ལེགས་པ༔ འབྲུ་སྣ་སྨན་སྣ་བསགས་ཤིང་སྤུངས༔ དེ་དབུས་རིན་ཆེན་ཟངས་སྣོད་དུ༔ གཏོར་མ་ནོར་བུའི་དབྱིབས་ལྡན་པ༔ ཁ་དོག་དམར་པོའི་ཚོན་གྱིས་བྱུག༔ ཐ་མར་བསོད་ནམས་འཕེལ་བའི་ཕྱིར༔ དང་པོ་ཚོགས་མཆོད་གྲངས་མང་ཕུལ༔ དེ་ལ་འབྲུ་སྨན་ཤ་ཆང་དང་༔ དཀར་གསུམ་མངར་གསུམ་རྒྱ་ཆེར་བཤམས༔ བག་ཕྱེ་དབང་ལག་ཀ་ར་དང་༔ བུ་རམ་སྦྲང་རྩི་ལ་ཕུག་དང་༔ འོ་མ་ཞོ་མར་བསྲེས་པ་ཡི༔ གཏོར་མ་མང་པོ་བཤམས་ནས་སུ༔ རང་ཉིད་ཡི་དམ་དབང་གི་ལྷར་གསལ་བའི་མདུན་དུ༔ ཡི་གེ་ཧྲཱིཿཡིག་དམར་པོ་འོད་དང་འོད་ཟེར་རབ་ཏུ་འབར་བ་ལས༔ འོད་འཕྲོས་པས་སྣང་སྲིད་སྣོད་བཅུད་ཐམས་ཅད་སྟོང་ཉིད་དུ་ཞིག་པར་བསམ༔ སྟོང་པའི་ངང་ལས་འོད་དམར་གྱི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་དབྱིབས་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པ༔ རྒྱ་ཁྱོན་ཆེ་ཞིང་ཡངས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿདམར་དེ་བབ་པ་ལས་འོད་འཕྲོས༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ དེ་དག་གི་གཟི་བྱིན་དབང་དང་དངོས་གྲུབ་ཐམས་ཅད་ཚུར་འདུས་ཧྲཱིཿལ་ཐིམ༔ འོད་ཟེར་ཡར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་དག་པར་སྦྱངས༔ དེ་དག་གི་མཐུ་སྟོབས་ནུས་པ་ཐམས་ཅད་ཚུར་འདུས་ཏེ་ཧྲཱིཿལ་ཐིམ་པ་ལས༔ ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་གསལ་པདྨ་རཱ་གའི་ཕུང་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟར་བཀྲག་མདངས་དང་གཟི་བརྗིད་འབར་བ་ཞལ་ཞི་མ་ཁྲོ་འཛུམ་གྱི་ངང་ཚུལ་ངོམས་ཤིང་རལ་པའི་གཙུག་ཕུད་དུ་ཟླ་ཕྱེད་ཀྱིས་བརྒྱན་ཅིང་ལྟེ་བ་ནས་ཉི་མ་འཆར་ཞིང་རལ་པ་མཐིང་ནག་ས་ལ་སླེབས་པ༔ ཕྱག་གཡས་ན་ཁམས་གསུམ་འགུགས་བྱེད་ཀྱི་ལྕགས་ཀྱུ་དང་༔ གཡོན་ན་སྣང་སྲིད་བྲན་དུ་བཅིང་བའི་ཞགས་པ་བསྣམས་པ་གོས་རྒྱན་སྤང་ཞིང་ལིང་ག་གྱེན་དུ་བསྒྲེངས་པ་བསྐྱེད་དོ༔ དེའི་གཡོན་དུ་ལྷ་མོ་ཨུ་མ་དཱེ་ཝི་དམར་མོ་གཅེར་བུ་གོས་རྒྱན་སྤངས་པ་གཡས་ནོར་བུ་དབང་གི་རྒྱལ་པོ་དང་༔ གཡོན་པས་རོ་བརྒྱའི་ཞལ་ཟས་ཐོགས་ནས་ཡབ་ལ་སྟོབ་པ་སྐུ་ཡབ་ལ་བཏུད་ཅིང་རེག་པ་ཡབ་ཡུམ་གཉིས་ཀ་བདེ་བའི་རོ་ལ་གདུང་ཞིང་ཆགས་པའི་ཟིལ་བ་འཁྲིག་པ༔ འཁོར་དུ་སྤྲུལ་པའི་ལྷ་མོ་འགུགས་བྱེད་མ་དང་༔ འཆིང་བྱེད་མ༔ རྨོངས་བྱེད་མ༔ མྱོས་བྱེད་མ་རྣམས་གཅེར་བུ་གོས་རྒྱན་སྤང་བ་གཡས་རྣམས་རང་རྟགས་ཀྱི་ཕྱག་མཚན་དང་༔ གཡོན་པ་རྣམས་ན་པདྨ་དཀར་སེར་དམར་ལྗང་བསྣམས་ནས་ཁམས་གསུམ་དབང་དུ་སྡུད་ཅིང་༔ སྲིད་གསུམ་བྲན་དུ་བཀོལ་བར་བསྒོམ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཾ་ཧྲཱིཾ་བཛྲ་ས་མ་ཡ་ཛཿཛཿཞེས་བརྗོད་ཅིང་ཤེས་པ་གཞན་དུ་མ་ཡེངས་པར་ལྷའི་གསལ་སྣང་དང་མི་འབྲལ་བ་གནད་དུ་ཤེས་པར་བྱ༔ མཐར་དབང་སྡུད་ཀྱི་སྔགས་བཏགས་ལ་བཟླ་བར་བྱའོ༔ འདི་ལ་རྟག་ཏུ་འབུང་བ་གནད་ཀྱི་དམ་པ་རུ་ཟུངས་ཤིག༔ ཀྱཻ༔ སྐལ་ལྡན་སྐྱེས་བུ་དམ་པ་ཁྱོད༔ འདི་ནས་མི་ལོ་གསུམ་འདས་མཐར༔ གསེར་ལུང་སྨད་དུ་སླེབས་དགོས་འབྱུང་༔ ལྷ་འདྲེ་མི་གསུམ་ཀུན་གྱིས་བརྙས༔ བྱ་བ་གང་ལྟར་བསྒྲུབ་ན་ཡང་༔ ནག་ཕྱོགས་བདུད་ཡུལ་མུན་གླིང་དེར༔ གདུལ་བྱ་འདུལ་བའི་སྐལ་མེད་ཀྱི༔ ཤར་ཕྱོགས་མགོ་ལོག་ཡུལ་གླིང་དུ༔ ལས་སྨོན་རྟེན་འབྲེལ་མཐུ་ཡིས་འཕེན༔ མི་སྲུན་བདུད་ཀྱི་གླིང་ཡིན་ཀྱང་༔ ལས་ཀྱིས་འབྲེལ་བའི་སྐྱེས་བུ་འགས༔ གྲོགས་བྱེད་བསྟན་འགྲོའི་དཔལ་དུ་འགྱུར༔ དེ་ནས་མི་ལོ་གསུམ་ལོན་ཚེ༔ གསེར་སྨད་རྔ་ལ་སྟག་རྩེ་དང་༔ སེ་བོ་བྲག་རྫོང་རྡོ་རྗེ་ནས༔ ཨོ་རྒྱན་ཆེན་པོའི་ཟབ་གཏེར་འབྱིན༔ གཡུལ་འགྱེད་བདུད་ཀྱི་སྟོབས་འཕྲོག་བྱེད༔ འདི་ནས་མི་ལོ་དྲུག་ཕྲག་ནས༔ ཨོ་རྒྱན་རྗེ་དང་བི་མ་ལ༔ གྲུབ་པའི་དབང་ཕྱུག་ས་ར་ཧ༔ ཡེ་ཤེས་མཁའ་འགྲོ་དང་བཅས་པའི༔ ཐུགས་རྒྱུད་དགོངས་པ་ཁྱོད་ལ་འཕོ༔ དགོངས་གཏེར་རྣམ་པ་གསུམ་དུ་འགྱེད༔ བུ་སློབ་སྟོང་ཕྲག་ཁ་ལོ་བསྒྱུར༔ ཐར་པ་ཆེན་པོའི་སྒོ་འབྱེད་འགྱུར༔ ཞེས་གསུངས་ཕྱག་གི་སོར་མོ་བཀྲམ༔ སོར་རྩེར་འཇའ་འོད་ཐིག་ལེའི་ཀློང་༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ངོམས༔ སྐལ་བར་ལྡན་པའི་བུ་ཁྱོད་ལ༔ སྒྲུབ་སྡེ་བརྒྱད་ཀྱི་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་གསུངས་བླ་མ་ལྷ་དང་སྔགས༔ བདག་གི་སྙིང་གར་ཐིམ་པ་ཡིས༔ བདེ་བ་ཆེན་པོའི་ཉམས་ཤིག་ཤར༔ ལོ་ཁྱིམ་དེ་ཡི་མཆུ་ཟླ་བའི༔ ཚེས་གྲངས་བརྒྱད་ཀྱི་ནུབ་མོ་རུ༔ རྨི་ལམ་འཁྲུལ་པའི་སྣང་ཉམས་ན༔ ནམ་མཁའི་མཐོང་ནས་བྱ་རྒྱལ་རྒོད༔ གནམ་རྡོ་བཞིན་དུ་མདུན་སར་བབ༔ ང་ཡི་སྟེང་དུ་སྡོད་ཅེས་ཟེར༔ དེ་མ་ཐག་ཏུ་དེ་ཐོག་བུད༔ མདའ་ལྟར་སྟེང་གི་ནམ་མཁར་འཕུར༔ རབ་ཏུ་མཐོ་བའི་སར་སླེབས་ཚེ༔ ལྷོ་ཕྱོགས་གནམ་འཕང་བསྒྲོད་ཀྱིས་སོང་༔ རབ་མཐོའི་རི་རྒྱལ་ཆེན་པོ་ནི༔ རྩེ་མོ་དཀར་པོ་དགུང་ལ་སྙེགས༔ སྐེད་པར་རྫ་ཡི་གྲམ་པ་བསྙིལ༔ རྩ་བར་སྤང་དང་མེ་ཏོག་བཀྲ༔ ཐང་ལ་མཚོ་དང་ན་བ་དང་༔ སྨན་གྱི་རིགས་བྱེད་སྣ་ཚོགས་སྐྱེས༔ བྱ་རིགས་རི་དྭགས་ཅང་ཤེས་པས༔ སྙན་པའི་སྒྲ་སྐད་སྣ་ཚོགས་སྒྲོགས༔ མཛེས་པའི་གཟུགས་ངོམས་རྩེ་འཇོ་རོལ༔ རི་རྩེར་དཔག་ཚད་འདས་པའི་སྟེང་༔ འོད་དང་འཇའ་ཚོན་འཁྲིགས་པའི་ཀློང་༔ རབ་མཛེས་ཡིད་འཕྲོག་སྐྱེད་ཚལ་དུ༔ རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་༔ རྒྱན་དང་བཀོད་པ་དཔག་ཏུ་མེད༔ ཕྱི་སྒོར་ལས་ཀྱི་སྒོ་མ་དང་༔ ནང་སྒོར་དབང་ཆེན་རིགས་བཞི་ཡིས༔ ཕྲིན་ལས་སྒྲུབ་ཅིང་བར་ཆད་སྲུང་༔ ཕོ་བྲང་ཆེན་པོ་དེ་ཡི་དབུས༔ རབ་མཐོ་རིན་ཆེན་ཁྲི་ཡི་ཁར༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔ སྒྲོལ་མ་དཀར་ལྗང་རྣམ་གསུམ་ལ༔ བྱང་སེམས་འཕགས་པས་བསྐོར་བ་མཐོང་༔ དེ་ལ་བདག་གིས་ཕྱག་འཚལ་ནས༔ མ་རིག་བག་ཆགས་ཀྱིས་སྒྲིབ་པའི༔ དབང་གྱུར་འཁོར་བར་འཁྱམས་པ་བདག༔ ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ༔ ལས་དང་ཉོན་མོངས་འཁྲུལ་འཁོར་ལས༔ ལྡོག་ནས་ཡེ་ཤེས་མངོན་གྱུར་མཛོད༔ ཅེས་ཞུས་འཕགས་པའི་ཞལ་ན་རེ༔ སྐལ་བ་བཟང་པོའི་སྐྱེས་བུ་ཁྱོད༔ ཡིག་དྲུག་དུང་ཕྱུར་གྲངས་སུ་སྐྱོལ༔ ད་ནི་ང་དང་གཉིས་སུ་མེད༔ འབྲེལ་ཚད་དོན་ལྡན་གདིང་ཐོབ་ངེས༔ རྡོ་རྗེའི་མཆོག་དབང་ཡོངས་ཐོབ་ཤོག༔ ཅེས་གསུངས་དེ་ཡང་མི་སྣང་ཡལ༔ ལོ་ཁྱིམ་བཅོ་ལྔར་བབ་པའི་དུས༔ ས་ག་ཟླ་བའི་ཚེས་བརྒྱད་ཉིན༔ སྒྱེད་གསུམ་སྟེང་དུ་བུ་མོ་ཞིག༔ གར་འཆམ་བྱེད་ཅིང་འདི་སྐད་ཟེར༔ ཀྱཻ་བུ་ཆུང་རྩལ་ལྡན་ཁྱོད་ཉོན་དང་༔ ང་བུ་མོ་བདེ་པའི་གར་མཁན་ཡིན༔ ཁྱོད་མདའ་འཕེན་འདོད་ན་ང་ལ་འཕོངས༔ ང་མི་ཆོད་རྡོ་རྗེའི་ལུས་ཅན་ཡིན༔ ཅེས་ཟེར་ལ་བདག་གིས་མདའ་འཕངས་པས༔ བུ་མོར་མ་ཕོག་ཁྲོ་ལ་ཕོག༔ ཁྲོ་ཐལ་མར་ཕུགས་ནས་ཕ་གིར་སོང་༔ དེར་བུ་མོ་དེ་ཡིས་འདི་སྐད་ཟེར༔ ཀྱཻ༔ ནམ་མཁའ་ཐོགས་མེད་བརྡལ་ཁྱབ་ལ༔ སྒྱུ་མ་ལྟ་བུའི་བུ་མོར་སྣང་༔ སྒྱུ་འཕྲུལ་ལྟ་བུའི་ཁྲོ་ལྕགས་ལ༔ སྒྱུ་འཕྲུལ་ཤིང་གིས་ཕུགས་པ་ནི༔ སྣང་སྲིད་སྒྱུ་མ་ཡིན་པའི་ལྟས༔ སྒྱུ་མའི་བདེན་པ་མི་འགྱུར་བའི༔ མཐུ་ཡིས་སྒྱུ་སྣང་ངོ་ཤེས་ཤོག༔ བླ་མ་དུས་གསུམ་སངས་རྒྱས་ཡིན༔ ཁྱོད་ཀྱི་བླ་མ་དམ་པ་འདི༔ མི་མིན་པདྨ་འབྱུང་གནས་ཡིན༔ སྔོན་ཚེ་འདས་པའི་དུས་ཤིག་ན༔ ཨ་ཙཪྻ་དཔལ་དབྱངས་ཅེས་བྱ་སྟེ༔ དགའ་རབ་རྡོ་རྗེའི་རྣམ་རོལ་པའི༔ ལྷ་མི་གཉིས་ཀྱི་སྟོན་པར་སྤྲུལ༔ འདི་ལ་དད་དང་གུས་པ་ཡི༔ དབང་ལུང་ཅི་མང་ཞུས་ཤིག་དང་༔ འགྲོ་དོན་འཕེལ་བའི་རྟེན་འབྲེལ་ཡོད༔ ཅེས་ཟེར་ཆོས་ཉིད་སྒྱུ་མར་ཡལ༔ ལོ་གྲངས་བཅུ་དྲུག་ལ་བབ་ཚེ༔ དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ཉིན༔ ཕྱུགས་རྫིར་ཕྱིན་ནས་ཉིན་ཕྱེད་མཚམས༔ གཉིད་དུ་ལོག་པའི་རྨི་ལམ་ན༔ མཁའ་འགྲོ་དམར་མོ་ཞིག་ན་རེ༔ བུ་ཁྱོད་མ་ཡེངས་ང་ལ་ཉོན༔ སང་ཉིན་ཁྱོད་ཀྱི་ཕ་སླེབས་ནས༔ ཁྱོད་དང་བླ་མ་འབྲལ་དགོས་འབྱུང་༔ དེ་ཚེ་སྨོན་ལམ་འདི་ལྟར་ཐོབ༔ འདི་བཟུང་ཚེ་རབས་ཐམས་ཅད་དུ༔ བླ་མ་ཁྱོད་དང་མི་འབྲལ་ཞིང་༔ དབང་དང་གདམས་པས་རྗེས་བཟུང་སྟེ༔ བདག་རྒྱུད་སྨིན་ཅིང་གྲོལ་བར་ཤོག༔ དེ་ནས་ཞག་བདུན་འདས་པའི་ཉིན༔ བླ་མ་མཆོག་དེའི་ཞལ་ན་རེ༔ ཁྱོད་ནི་ཕ་ཡུལ་འགྲོ་རན་འདུག༔ ད་སྔོན་ཁྱེད་ཀྱི་རྒྱུས་བརྟགས་པས༔ གཞན་ལས་འཕགས་པའི་ཁྱད་ཆོས་མཐོང་༔ པདྨ་བཀའ་ཡི་ཐང་ཡིག་ལས༔ གཏེར་སྟོན་རྣམས་ལ་གདམས་པ་ཡི༔ ཚིག་བཞིན་ལྟོས་ལ་ཉམས་སུ་ལོངས༔ འགྲོ་དོན་ཆེན་པོ་ངང་གིས་འབྱུང་༔ ཁྱད་པར་གཏེར་ཆོས་ཕབ་པ་དང་༔ གཞན་ལ་གདམས་ངག་འཆད་པ་ལ༔ དང་པོ་རང་གི་བསྒྲུབ་པར་འབུངས༔ ཡི་དམ་ལྷ་ཞལ་མཐོང་བ་དང་༔ ལྟ་བསྒོམ་ཟབ་མོ་ལྷུར་བླངས་ནས༔ ཆོས་ཉིད་བདེན་པ་མཐོང་བ་གཉིས༔ གནད་ཀྱི་དམ་པར་མཆོག་ཏུ་ཟུངས༔ ང་ནི་མི་རྒན་ཚེ་ཟད་པས༔ ཕྱིན་ཆད་ཁྱོད་དང་འཕྲད་དཀའ་གསུངས༔ བདག་གི་བཞིན་ལ་ཞལ་གཏུགས་ནས༔ སྨོན་ལམ་འདེབས་ཤིང་བཀྲ་ཤིས་གསུངས༔ དེ་ནས་བཟུང་སྟེ་ཡི་དམ་ལྷ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་བསྒྲུབ༔ ཡིག་དྲུག་བཟླས་པ་གྲངས་བསྐྱར་ཚེ༔ ལོ་གྲངས་བཅུ་བདུན་ལ་བབ་པའི༔ མགོ་ཟླར་མཚམས་ལ་བཞུགས་པའི་ཚེ༔ ཚེས་གྲངས་ཉེར་གཉིས་ཐོ་རངས་ན༔ ཐུགས་རྗེ་ཆེན་པོ་ཡིན་སྐད་པའི༔ བུ་ཆུང་ཞིག་གིས་འདི་སྐད་ཟེར༔ བུ་ཁྱོད་ངེས་པར་ང་བསྒྲུབ་ན༔ བསྐྱེད་པའི་གནད་དང་ལྡན་དགོས་ཏེ༔ གལ་ཏེ་ལྡན་པར་མ་གྱུར་ན༔ གྲངས་མང་བཟླས་ཀྱང་འབྲས་མི་འབྱིན༔ འབྱིན་ཀྱང་ས་སྟེང་ལམ་མེད་པར༔ ཟས་མེད་མགྲོན་པོ་འབོད་དང་མཚུངས༔ ལྷ་བསྒྲུབ་དོན་དང་དགོས་ཆེད་ནི༔ མ་དག་བསྐལ་པ་དག་སྦྱོར་ཅིང་༔ དངོས་ཞེན་སྲིད་པ་ལྷ་ཡི་སྐུ༔ ངར་འཛིན་ཕུང་པོ་ཡེ་ཤེས་ཀྱི༔ སྒྱུ་མའི་སྐུ་རུ་གསལ་བ་དང་༔ ངག་རླུང་དག་སྦྱོར་སྔགས་སྒྲ་དང་༔ བློ་ཡི་དག་སྦྱོར་ལྷར་སྣང་འགྲོགས༔ འདི་དག་བསྒྲུབ་པའི་ཐབས་མཆོག་ཡིན༔ ཅེས་གསུངས་ལན་དུ་ངས་འདི་སྨྲས༔ ཀྱཻ༔ བླ་མ་མགོན་པོ་ཐུགས་རྗེ་ཆེ༔ མ་དག་འཁོར་བའི་སྣང་བ་ཀུན༔ དག་སྦྱོར་བསྐྱེད་རིམ་ཟབ་མོའི་གནད༔ མགོན་པོས་བདག་ལ་བསྟན་དུ་གསོལ༔ ཅེས་པའི་ལན་དུ༔ ཀྱཻ་རིགས་ཀྱི་བུ་ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བསྟན་ནོ༔ དང་པོ་སྐྱབས་སུ་མ་སོང་ན་གསང་སྔགས་ཟབ་མོའི་སྣོད་དུ་མ་གྱུར་པས་ནང་པ་སངས་རྒྱས་ཀྱི་ཁྱུར་མི་ཚུད༔ དེ་ཕྱིར་དང་པོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས༔ གཞན་ཕན་གྱི་སེམས་མཆོག་དམ་པ་མ་བསྐྱེད་ན༔ ཆོས་ཆོས་སུ་མི་འགྲོ་བས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་དུ་སེམས་བསྐྱེད་དགོས༔ མ་དག་པ་ལས་ཀྱི་བསྐལ་པ་དབྱིངས་སུ་མ་བཤིག་ན་ཡེ་ཤེས་ཀྱི་ལྷར་སྣང་མངོན་དུ་མི་འགྱུར་བས་དང་པོ་གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་ལྟར་ཆོས་ཉིད་ནམ་མཁའ་སྟོང་པའི་ངང་དུ་ཞིག་པར་བསམ་སྟེ་སྟོང་པ་ལ་འབོད༔ དེ་ནས་རིག་པ་དྭངས་གསལ་རྙོག་མ་དང་བྲལ་བའི་ཡེ་ཤེས་མངོན་དུ་བྱེད་པའི་གསལ་བ་ལ་འབོད༔ སྐད་ཅིག་གིས་རིག་པ་ཧྲཱིཿཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་གསལ་བའི་རྒྱུ་ལ་འབོད༔ དེ་ལས་འོད་འཕྲོས་པས་ནམ་མཁའ་སྟོང་གསལ་གྱི་དབྱིངས་ཐམས་ཅད་ཁྱབ་ནས་ཡེ་ཤེས་སྒྱུ་འཕྲུལ་གྱི་སྣང་བ་འོད་ཀྱི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པ་ཁྱབ་བརྡལ་ནམ་མཁའི་ཁྱོན་ལ་བསྙེགས་པའི་ས་གཞིར་སྨན་གྱི་སྤང་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་བཀྲ་བའི་མེ་ཏོག་པདྨོ་བཞད་པས་ཡོངས་སུ་ཁེབས་པ༔ ནམ་མཁའ་ཐམས་ཅད་འཇའ་ཚོན་གྱི་དྲྭ་བ་མིག་མང་རིས་སུ་བྲེས་པ༔ བར་སྣང་ཐམས་ཅད་ལ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ན་བུན་དང་སྤྲིན་ལྟར་གཏིབས་པ་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱིས་གར་འཁྱུགས་ཤིང་གླུ་ལེན་པ༔ ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་དུ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་པའི་སྤྲིན་རྒྱ་མཚོ་སྤེལ་བ༔ ཕྱོགས་བཞི་ན་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་བཞི་ཡོད་པ་དེ་དག་གི་འགྲམ་ན་རིན་པོ་ཆེའི་གྲམ་པ་དང་གསེར་གྱི་བྱེ་མ་དང་གཡུ་ཡི་ནེའུ་སེང་གིས་བརྒྱན་པ༔ རྒྱ་མཚོ་དེ་དག་གི་བར་མཚམས་སུ་དག་བྱེད་བདུད་རྩིའི་ཆུ་མིག་དང་དཔག་བསམ་གྱི་ཤིང་ཆེན་རྒྱས་པ༔ དེ་ནའང་སྤྲུལ་པའི་བྱ་རིགས་རྣམ་པ་སྣ་ཚོགས་དུང་གི་མདོག་ལྟར་དཀར་བ་གསེར་གྱི་མདོག་ལྟར་སེར་བ་བྱུ་རུའི་མདོག་ལྟར་དམར་བ་ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ་བཻ་ཌཱུཪྻའི་ཁ་དོག་ལྟར་མཐིང་ག་མུ་མེན་གྱི་མདོག་ལྟར་སྔོ་བ་བསམ་གྱིས་མི་ཁྱབ་ཅིང་གྲངས་ཀྱིས་མི་ལངས་པས་མཛེས་པའི་གཟུགས་ངོམས་ཤིང་སྙན་པོའི་སྒྲ་སྒྲོགས་པ་སོགས་ཞིང་ཁམས་ཀྱི་བཀོད་པ་བསྐྱེད་པའི་དག་པའི་སྣང་བ་ལ་འབོད༔ སླར་ཡང་ཧྲཱིཿལས་འོད་ཟེར་མུ་མཐའ་མེད་པར་འཕྲོས་པས་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་འོད་དུ་འདུས་པ་ལས་བྱུང་བའི་གཞལ་ཡས་ཁང་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་མཐིང་ནག་ཏུ་གསལ་བའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་ཧྲཱིཿཡིག་བབ་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ དེ་དག་གི་དབང་བྱིན་དངོས་གྲུབ་ཐམས་ཅད་བསྡུས་ཏེ་ཧྲཱིཿལ་ཐིམ༔ མར་འཕྲོས་པས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་དག་པར་བྱས་ནས་སངས་རྒྱས་ཀྱི་ས་ལ་བཀོད༔ འོད་ཟེར་ཚུར་འདུས་པ་དང་དུས་མཉམ་དུ་དེ་དག་གི་ཚེ་བསོད་ནམས་ཐམས་ཅད་བསྡུས་ཏེ་ཧྲཱིཿལ་ཐིམ༔ ཧྲཱིཿཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུར་བཀྲག་མདངས་འོད་དུ་འབར་བ་གཞོན་ནུ་ལོ་བརྒྱད་ལོན་པའི་རྣམ་པ་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱང་ཞིང་༔ འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་པདྨ་དཀར་པོ་བསྣམས་པ༔ ཞལ་ཞི་འཛུམ་གྱི་ཉམས་དང་ལྡན་ཞིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཐམས་ཅད་ཀྱིས་སྤྲས་ཤིང་འཇའ་ཚོན་འོད་ལྔའི་ཀློང་ན་བཞུགས་པར་གསལ་བའི་རྡོ་རྗེའི་སྐུ་རུ་གསལ་བ་ལ་འབོད་པ་ལགས༔ དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་དྲུག་པའི་དབུས་སུ་ཧྲཱིཿཡིག་དཀར་པོ༔ ཤར་འདབ་ཏུ་ཨོཾ་དཀར་པོ༔ འདབ་མ་གཉིས་པ་ལ་མ་ལྗང་གུ༔ གསུམ་པ་ལ་ཎི་སེར་པོ༔ བཞི་པ་ལ་པད་མཐིང་ག༔ ལྔ་པ་ལ་མེ་དམར་པོ༔ དྲུག་པ་ལ་ཧཱུྃ་མཐིང་ནག་ཏུ་བསྒོམ་པའི་སྔགས་དེ་ལས་རང་སྒྲ་འབྲུག་སྟོང་ལྟར་དུ་ལྡིར་བར་བསམ་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བརྗོད་པས་རྡོ་རྗེའི་གསུང་ལ་འབོད༔ ཤེས་པ་གཞན་དུ་མ་ཡེངས་པར་རང་ལྷའི་ང་རྒྱལ་སྒོ་མ་འགགས་པ་དང་མ་བྲལ་བའི་རྡོ་རྗེའི་ཐུགས་ལ་འབོད་པའོ༔ གནད་དང་མི་འབྲལ་བའི་སྒྲུབ་པ་བྱས་ན་ཚེ་འདི་རུ་སྒོ་གསུམ་རྡོ་རྗེ་གསུམ་དུ་འཚང་རྒྱ་བའི་མན་ངག་ཟབ་མོ་བླ་ན་མེད་པ་ཡིན༔ ཁྱོད་དེ་ལྟར་བསྒོམ་ཞིང་སྤྲོ་བསྡུའི་དབང་བྱིན་དངོས་གྲུབ་བླང་བ་ལ་ནན་དུ་བརྩོན་པར་བྱའོ༔ ད་ནས་བཟུང་སྟེ་མི་ལོ་བཅུ་གཉིས་བར་དུ་ང་དང་ཁྱོད་གཉིས་ཀ་མི་འབྲལ་ཞིང་ངས་བྱིས་པའི་གཟུགས་ཀྱིས་ཁྱོད་ལ་ལེགས་ཉེས་བྱ་བ་ཐམས་ཅད་རྨི་ལམ་དུ་སྟོན་པར་བྱའོ༔ ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ༔ ལོ་ཁྱིམ་དེ་ཡི་མགོ་ཟླ་བར༔ རྗེ་བཙུན་བླ་མ་ཨ་བྷ་ཡའི༔ དྲུང་དུ་སྔོན་འགྲོ་ལ་ཞུགས་ཚེ༔ ཟླ་བ་དེ་ཡི་ཚེས་བཅུའི་ནུབ༔ ཡེ་ཤེས་མཚོ་རྒྱལ་ཡིན་སྐད་པའི༔ བུད་མེད་རྒན་སོང་ཞིག་ན་རེ༔ བུ་ཁྱོད་དངོས་གྲུབ་ལེན་འགྲོ་ཟེར༔ དེ་དང་འགྲོགས་ནས་སོང་བའི་མོད༔ བླ་མའི་མདུན་སར་སླེབ་པའི་ཚེ༔ བླ་མ་མ་མཐོང་འཇའ་གུར་ཀློང་༔ ཨོ་རྒྱན་སྣང་སྲིད་ཟིལ་གནོན་པ༔ གཡས་སུ་རྒྱལ་ཆེན་རྣམ་མང་བུ༔ གཡོན་དུ་སེམས་དཔའ་ནམ་མཁའི་སྙིང་༔ རྗེ་འབངས་འཁོར་གྱིས་བསྐོར་བ་བཅས༔ ཁྲུ་བདུན་སྟེང་གི་ནམ་མཁར་འཕགས༔ སྐུ་ལས་བདུད་རྩིའི་རྒྱུན་ཆེན་བབ༔ ཟངས་མོ་ཆེ་ནང་ལྟེམ་གྱིས་གང་༔ བླ་མ་འཁོར་དང་བཅས་པ་ཡིས༔ བརྩེར་དགོངས་དགྱེས་པའི་ངང་མདངས་ཀྱིས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ བུམ་པ་སྐུ་ཡི་དབང་དངོས་གྲུབ༔ བདེ་སྟོང་བདུད་རྩིའི་རྣམ་པ་ཅན༔ དེ་རིང་ཁྱོད་ལ་བྱིན་གྱིས་ལོངས༔ ལུས་ཀྱི་སྒྲིབ་པ་ཀུན་སྦྱང་ནས༔ སྤྲུལ་པ་སྐུ་ཡི་ས་བོན་ཐེབས༔ རྡོ་རྗེའི་སྐུ་རུ་སྨིན་གྲོལ་ཤོག༔ ཅེས་གསུངས་བདག་གི་སྤྱི་བོར་ཐིམ༔ མཁའ་འགྲོ་མ་ཡི་ཞལ་ན་རེ༔ བདུད་རྩི་ལྷག་མེད་རོལ་ཅིག་ཟེར༔ ཧུབ་ཀྱིས་བཏབ་པས་ལྷག་མེད་སོང་༔ ལུས་ཀུན་དགའ་བདེའི་རོ་ཡིས་མྱོས༔ མཁའ་འགྲོ་མ་དེའི་ཞལ་ན་རེ༔ ཁྱོད་ཀྱི་བླ་མ་དམ་པ་འདི༔ མི་མིན་སངས་རྒྱས་དངོས་ཡིན་གྱི༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་བ༔ ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་སྲས༔ སྨོན་ལམ་དག་པའི་མཐུས་བྱུང་བའི༔ འགྲོ་བའི་མགོན་པོ་སྤྲུལ་པའི་སྐུ༔ མོས་གུས་ལྡན་པའི་སྐྱེས་བུ་ཡི༔ རྒྱུད་ལ་ཐར་བའི་ས་བོན་འདེབས༔ གསོལ་འདེབས་བསྙེན་སྔགས་བཟླས་པ་ཡི༔ སྐྱེས་བུ་རྣམ་མཁྱེན་སར་ཉེ་བྱེད༔ དེ་ཕྱིར་བླ་མ་དམ་པ་འདི༔ མི་མིན་སངས་རྒྱས་དངོས་ཡིན་གྱི༔ བཟའ་བཏུང་ཀུན་གྱི་ཕུད་མཆོད་ཅིང་༔ གསོལ་བ་ཐོབ་ལ་བསྙེན་སྔགས་སྒྲོངས༔ འགྲོ་ཚེ་ཕྲག་པ་གཡས་སུ་བསྒོམ༔ དབང་དུས་མདུན་གྱི་ནམ་མཁར་བསྒོམ༔ བསྒོམ་པའི་དུས་དང་ཉལ་བའི་ཚེ༔ སྙིང་གར་བསྒོམ་ནས་ཐུགས་ཡིད་བསྲེ༔ བཟའ་བཏུང་དུས་སུ་མགྲིན་པར་བསྒོམ༔ ལྷ་བསྒྲུབ་ལྷ་ཡི་ངོ་བོར་བསྒོམ༔ མདོར་ན་དུས་དང་རྣམ་པ་ཀུན༔ དབང་ལུང་མན་ངག་ཐོབ་པ་ཡི༔ བླ་མ་ཐམས་ཅད་གཅིག་དྲིལ་བའི༔ ངོ་བོ་རྡོ་རྗེ་འཆང་ཆེན་ནམ༔ ཨོ་རྒྱན་པདྨ་འབྱུང་གནས་སྒོམ༔ དབང་དང་དངོས་གྲུབ་ཡང་ཡང་བླང་༔ ཕྱིར་མི་ལྡོག་པའི་དད་གུས་བསྐྱེད༔ ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ༔ ཅེས་ཟེར་ཆོས་ཉིད་མཁའ་རུ་ཡལ༔ བཅོ་ལྔའི་ནུབ་ཀྱི་རྨི་ལམ་ན༔ ཆོས་རྒྱལ་ཁྲི་སྲོང་ཡིན་སྐད་པའི༔ སྐྱེས་བུ་དམ་པ་ཞིག་ན་རེ༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ འཁོར་བའི་སེམས་ཅན་གྲངས་མང་ཡང་༔ མི་ལུས་ཐོབ་པ་ཉུང་ལ་ལྟོས༔ མི་ལུས་ཐོབ་པ་མང་ལགས་ཀྱང་༔ དལ་འབྱོར་ལྡན་པ་ཉུང་ལ་ལྟོས༔ དལ་འབྱོར་ཐོབ་པ་མང་ལགས་ཀྱང་༔ དོན་དང་ལྡན་པ་ཉུང་ལ་ལྟོས༔ དོན་དང་ལྡན་པ་མེད་བཞིན་དུ༔ ཐར་པ་ཐོབ་པ་ཉུང་ལ་ལྟོས༔ ད་རེས་རྨི་ལམ་སྣང་ཙམ་ལ༔ མི་ལུས་རིན་ཆེན་ཐོབ་ལགས་ཀྱང་༔ ལོ་ཟླ་ཞག་དང་དུས་ཚོད་ཀྱིས༔ མི་ཚེ་ཟད་པའི་ཚུལ་ལ་ལྟོས༔ ཚེ་སྟོད་ལོ་ཡི་གྲངས་དེ་ལ༔ དམ་ཆོས་སྒྲུབ་པའི་གྲངས་ལ་ལྟོས༔ མི་ཚེ་དེ་ཡི་བྱ་སྤྱོད་ལ༔ སྙིང་པོ་ཅི་འདུག་ཚུལ་ལ་ལྟོས༔ སྔོན་ཚེ་འགྲོ་བ་མི་རྣམས་ཀྱིས༔ ཚེ་འདིའི་བྱ་བ་བསྒྲུབས་བསྒྲུབས་ནས༔ ད་ལྟ་ཤི་བའི་ལམ་ཞུགས་ཚེ༔ ཁོང་ལ་ཕན་པ་ཅི་འདུག་ལྟོས༔ བུ་ཚ་ཉེ་བ་རྩ་ལག་ཆེད༔ དགྲ་འདུལ་གཉེན་སྐྱོང་སོ་ནམ་དང་༔ གསོག་འཇོག་གཡོ་སྒྱུ་བྱས་བྱས་ཀྱང་༔ ད་ལྟ་ཤི་བའི་ལམ་ཞུགས་དུས༔ དོན་དང་འབྲས་བུ་ཅི་འདུག་ལྟོས༔ ཕ་མྱེས་ཡང་མྱེས་ཚུན་ཆད་ཀྱིས༔ བུ་ཚ་ཕྱི་རབས་ལ་བསམ་ནས༔ མི་ཚེ་སྡུག་ལ་ཟད་ཟད་ཀྱང་༔ དྲིན་དེ་དྲན་མི་ཨེ་ཡོད་ལྟོས༔ རང་གི་བྱ་བྱེད་ཐམས་ཅད་ཀུན༔ དེ་དང་འདྲ་མཚུངས་ཚུལ་མཉམ་པས༔ རང་གོ་ཐོན་པ་ཞིག་ལ་རེམ༔ འཁོར་ལོས་བསྒྱུར་རྒྱལ་མན་ཆད་ནས༔ མདང་སྐྱེས་བུ་ཆུང་ཡན་ཆད་ཀྱི༔ ས་སྟེང་འདི་རུ་ཡོད་པའི་མི༔ ད་ནས་ལོ་བརྒྱར་ཐུག་པའི་དུས༔ རོ་སོལ་ཐལ་བ་ཙམ་མེད་ན༔ ཐམས་ཅད་རྨི་ལམ་སྣང་བ་ཙམ༔ ལོ་གཅིག་ལོན་པའི་དུས་འདས་ཚེ༔ སྐད་ཅིག་ཙམ་ལས་མི་རིང་ན༔ ལོ་བརྒྱ་ཐུབ་ཀྱང་སྐད་ཅིག་ཙམ༔ འཆི་བའི་དུས་སུ་རྨི་སྣང་འདྲ༔ སྟོང་གསུམ་བརྟན་གཡོའི་འཇིག་རྟེན་འདི༔ བསྐལ་པ་ཞིག་པའི་དུས་བབས་ཚེ༔ མི་སྣང་སྟོང་པའི་ངང་དུ་ཡལ༔ སྔོན་གྱི་ཤི་བའི་མི་རྣམས་དང་༔ ད་ལྟ་ཤི་བ་མངོན་མཐོང་བའི༔ མི་ཀུན་བསམ་པ་ཕྱོགས་གཅིག་ཏུ༔ ཚེ་ལོ་མང་པོའི་སྡོད་ཆུས་འབད༔ བསམ་པ་ཐོག་ཏུ་མ་ཁེལ་བས༔ མི་རྟག་འཆི་བའི་དབང་དུ་སོང་༔ ནོར་རྫས་ས་རྡོ་བཞིན་དུ་ལུས༔ སྒྱུ་ལུས་གོས་ཧྲུལ་བཞིན་དུ་བོར༔ མཛའ་བཤེས་ཚོང་འདུས་བཞིན་དུ་གྱེས༔ སྣང་བ་རྨི་ལམ་བཞིན་དུ་སད༔ འཇིག་རྟེན་ཕྱི་མར་ཁྱི་བཞིན་འཁྱམས༔ གར་འགྲོ་རང་དབང་དང་བྲལ་ནས༔ ལས་རླུང་དྲག་པོས་རྒྱབ་ནས་དེད༔ གཤིན་རྗེའི་ཕོ་ཉས་དབང་མེད་ཁྲིད༔ མི་འདོད་ངན་སོང་གནས་སུ་ལྟུང་༔ སྡུག་བསྔལ་རང་ཉིད་གཅིག་པུས་མྱོང་༔ འོ་དོད་ཆེན་པོས་བོས་བོས་ཀྱང་༔ མཐོང་དང་ཐོས་མི་རང་ལས་མེད༔ དེ་ལྟར་སོམས་ལ་རང་དོན་སྒྲུབས༔ ཆོས་ཕྱིར་དཀའ་ཚེགས་བཀྲེས་འཁྱག་དང་༔ ན་ཚ་སྡུག་བསྔལ་ཅི་བྱུང་ཡང་༔ དེ་ལ་སྐྱོ་སུན་ཞིག་བྱུང་ན༔ དམྱལ་བའི་ཚ་གྲང་སྡུག་བསྔལ་དང་༔ ཡི་དྭགས་བཀྲེས་སྐོམ་ཉམ་ཐག་ཅིང་༔ དུད་འགྲོ་གསོད་གཅོད་བཀོལ་སྤྱོད་སོགས༔ གླེན་ལྐུག་སྡུག་བསྔལ་མཐའ་མེད་པར༔ སྤྱོད་ལ་སུན་པ་ཅིས་མི་སྐྱེ༔ སྐྱེས་ན་ཆོས་ཕྱིར་མྱོང་བ་ལ༔ སུན་པ་འབྱུང་བ་ག་ལ་སྲིད༔ གནད་འདི་མ་བརྗེད་སེམས་ལ་ཞོག༔ གནད་འདི་མ་བརྗེད་སྙིང་ལ་འཆོངས༔ གདམས་ངག་ཀུན་གྱི་གཙོ་བོར་ཟུངས༔ མ་བརྗེད་མ་བརྗེད་འཆི་བ་འདི་མ་བརྗེད༔ མ་ཡེངས་མ་ཡེངས་མི་ཚེ་འདིར་མ་ཡེངས༔ མ་དོར་མ་དོར་ཕྱི་མའི་དོན་མ་འདོར༔ སོམ་ཅིག་སོམ་ཅིག་འཁོར་བའི་སྡུག་བསྔལ་སོམས༔ རེམ་ཅིག་རེམ་ཅིག་དམ་པའི་ཆོས་ལ་རེམས༔ བྲོས་ཤིག་བྲོས་ཤིག་འཁོར་བའི་གནས་ལས་བྲོས༔ སྙོག་ཅིག་སྙོག་ཅིག་ཐར་པའི་ལམ་སྣར་སྙོགས༔ མངའ་བདག་རྒྱལ་པོའི་ཐུགས་རྒྱུད་ཁྱོད་ལ་འཕོ༔ སྔོན་དུས་རིག་འཛིན་འཇིགས་མེད་གླིང་པ་ཡི༔ ཞང་པོ་སྒོམ་ཆེན་གྲགས་པ་ཁྱོད་ཡིན་གྱི༔ ཁྱོད་ནི་ང་ལ་བཀའ་དྲིན་བླ་ན་མེད༔ དེ་ཕྱིར་དེ་འབྲས་ང་དང་ཁྱོད་འདིར་འཕྲད༔ ཚེ་འདིར་ཕ་དང་བུ་རུ་འགྱུར་བ་དང་༔ ཕྱི་མ་བྱང་ཕྱོགས་ཤམ་བྷ་ལ་ཡི་ཡུལ༔ ང་དང་ཁྱོད་གཉིས་རྒྱལ་བློན་ཚུལ་དུ་འགྲོགས༔ ཞེས་ཟེར་མི་མངོན་ནམ་མཁའི་དབྱིངས་སུ་ཡལ༔ ཟླ་བ་དེ་ཡི་གནམ་སྟོང་ནུབ་ཀྱི་ཚེ༔ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེ་ཡིས༔ འཇའ་ཚོན་འོད་དུ་འཁྲིགས་པའི་གུར་ཁང་ནས༔ ཞལ་གཟིགས་བརྩེར་དགོངས་དགྱེས་པའི་ཞལ་སྔ་ནས༔ ཀྱཻ༔ ཉོན་ཅིག་བྱིས་པ་བཞིན་ལེགས་ཁྱོད༔ ང་སྤྲུལ་ང་དང་གཉིས་སུ་མེད༔ ཁྱོད་ལ་གདམས་ངག་ངས་འཆད་ཀྱིས༔ རབ་ཏུ་ཉོན་ལ་ཡིད་ལ་ཟུངས༔ དགེ་བ་བཅུ་པོ་དང་དུ་ལོངས༔ མི་དགེ་བཅུ་པོ་དུག་བཞིན་སྤོངས༔ བསླབ་དང་སྡོམ་པ་འདི་ལ་འདུས༔ འཁོར་བ་མཐོ་དམན་གར་སྐྱེས་ཀྱང་༔ བཟོད་མེད་སྡུག་བསྔལ་ཁྲི་མུན་ཡིན༔ བདེ་བར་ངེས་པ་རྡུལ་ཙམ་མེད༔ ཐར་པ་ཆེན་པོ་དོན་གཉེར་མཛོད༔ གཞན་ལ་སྐྱབས་ན་ཀུན་གྱིས་བསླུ༔ དཀོན་མཆོག་སྐྱབས་ཀྱི་དམ་པར་ཟུངས༔ སྐྱིད་སྡུག་དུས་དང་གནས་སྐབས་ཀུན༔ ཡིད་ཀྱིས་མི་འབྲལ་གུས་པས་ཟུངས༔ སེམས་ཅན་ཕ་མའི་རང་བཞིན་ཡིན༔ ཚད་མེད་རྣམ་བཞིའི་གདིང་བསྐྱེད་ནས༔ ཕན་བདེའི་ཆེད་དོན་ལ་དམིགས་ཏེ༔ འགྲོ་དོན་རྒྱུན་ཆད་མེད་པར་བསྒྲུབ༔ ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་འཛིན་ཞེན་པ་བྲལ་བའི་བློས༔ དཀོན་མཆོག་རིན་ཆེན་མཆོག་ལ་ཕུལ༔ གཉེན་པོ་སྟོབས་བཞིའི་གནད་ལྡན་པས༔ སྡིག་པ་མི་དགེ་བཤགས་སྦྱངས་མཛོད༔ གཏན་གྱི་མགོན་པོ་བླ་མ་མཆོག༔ སྐྱབས་སུ་བསྟེན་ཅིང་མཆོད་པ་ཕུལ༔ གསོལ་འདེབས་དབང་བཞི་ལེན་པ་དང་༔ དུས་ཀུན་འབྲལ་མེད་མིག་བཞིན་བསྟེན༔ རྟག་ཏུ་བསོད་ནམས་བསགས་པའི་ཐབས༔ ལུས་ཀྱི་མཆོད་སྦྱིན་མཆོག་ལ་བརྩོན༔ རྣམ་དག་ཞིང་ཁམས་སྦྱང་བའི་ཕྱིར༔ ཞིང་ཁམས་རྣམ་དག་ཡིད་ལ་བྱ༔ ཟབ་ལམ་འཕོ་བ་ཉམས་སུ་ལོངས༔ ཕྱི་ནང་བར་ཆད་གེགས་སེལ་ཞིང་༔ སྒོ་གསུམ་རྡོ་རྗེའི་གྲོང་འཕོ་ཕྱིར༔ ཡི་དམ་ལྷ་བསྒོམ་སྔགས་བཟླས་ནས༔ རྟག་ཏུ་ལྷ་སྣང་མ་བོར་ཅིག༔ ཅེས་ཟེར་བདག་གི་སྙིང་གར་ཐིམ༔ ལོ་ཁྱིམ་བཅོ་བརྒྱད་ལ་བབ་ཚེ༔ ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ཉིན༔ ནེ་ལེ་ཤར་གྱི་བྲག་རྩ་རུ༔ ཕྱུགས་རྫིར་ཕྱིན་ནས་བསྡད་པ་ལས༔ ཡུད་ཅིག་གཉིད་དུ་ཕྱོགས་པ་ཡི༔ རྨི་ལམ་མཆེད་པའི་སྣང་ཆ་རུ༔ རིན་ཆེན་སྣ་ལྔའི་ཁང་བཟང་ནང་༔ དམ་པ་སངས་རྒྱས་ཡིན་སྐད་པའི༔ ཨ་ཙར་གཞོན་ནུ་མཛེས་པ་ཡིས༔ བུ་ཁྱོད་མ་ཡེངས་ང་ལ་ཉོན༔ ཁྱོད་བློ་ཆོས་ལ་ཕྱོགས་འདུག་ཀྱང་༔ ཆོས་དང་ཆོས་མིན་ཤན་མ་ཕྱེད༔ དེ་ཡི་དབྱེ་བ་ང་ཡིས་འབྱེད༔ ལུས་དང་ངག་གི་དགེ་བ་ནི༔ རྫོགས་སངས་རྒྱས་པའི་ཆོས་མ་ཡིན༔ སེམས་ཀྱི་སེམས་ཉིད་མངོན་གྱུར་ན༔ རྫོགས་སངས་རྒྱས་པའི་དམ་ཆོས་ཡིན༔ ལྟ་བའི་ནམ་མཁའ་རབ་འབྱམས་ནི༔ སྔོན་ལས་སྟོབས་ཀྱིས་རྟོགས་ན་ཡང་༔ སྒོམ་པ་གསལ་སྟོང་འཛིན་མེད་ཀྱི༔ ལམ་ཞིག་རྟོགས་པར་ད་རེམ་མཛོད༔ འདི་ནི་དམ་ཆོས་དམ་པ་ཡིན༔ ཆོས་རྣམས་ཀུན་གྱི་ཡང་བཅུད་ཡིན༔ གདམས་ངག་ཀུན་གྱི་ཡང་ཟབ་ཡིན༔ ལམ་རྣམས་ཀུན་གྱི་མྱུར་ལམ་ཡིན༔ སྔོན་བྱོན་བླ་མ་གྲུབ་ཐོབ་ཀྱི༔ སྒོམ་ཞེས་གྲགས་པའི་མན་ངག་སྟེ༔ ཤེས་པར་མཛོད་ཅིག་རིགས་ཀྱི་བུ༔ གསུངས་ནས་ནམ་མཁའི་ཀློང་དུ་ཡལ༔ ལོ་དེའི་གླང་གི་ཟླ་བ་རུ༔ དམར་ཤར་ཅེས་བྱའི་བྲག་རྩ་རུ༔ རྡོ་ལ་སེམས་བཟུང་བསྡད་པའི་དུས༔ གཉིད་དུ་ཕྱོགས་པའི་རྨི་ལམ་ན༔ བྱིས་པ་རས་དཀར་གོས་ཅན་ཞིག༔ རྩྭ་ཤིང་རྩེ་མོར་འཆམ་སྟབས་བྱེད༔ བུ་ཁྱོད་འདི་རུ་ཅིའི་ཕྱིར་འོང་༔ ཟེར་བའི་ལན་དུ་ངས་འདི་སྨྲས༔ སྔོན་གྱི་བླ་མ་བན་སྔགས་ཚོས༔ སྒོམ་ཞེས་མཐོང་ཐོས་ཡོད་ཟེར་བར༔ སྒུག་ནས་འདི་རུ་བསྡད་དོ་སྨྲས༔ དེ་ལན་བུ་ཆུང་དེ་ན་རེ༔ མན་ངག་ཐོག་མར་ངོ་སྤྲོད་ཚེ༔ ལུས་འདི་ཤོག་སྤུབས་ལྟ་བུ་ལ༔ ངག་ནི་སྦུ་གུར་རླུང་སྒྲ་བཞིན༔ སེམས་ནི་འཁོར་འདས་ཀུན་གྱི་གཞི༔ ལུས་འདི་གྲོང་ཁྱིམ་སྟོང་པ་འདྲ༔ ངག་ནི་ཡུལ་ལ་རླུང་སྒྲ་འདྲ༔ སེམས་ནི་ཆོམ་རྐུན་གནས་ཇི་བཞིན༔ ལམ་འགར་དུ་མ་རོ་གཅིག་ཟེར༔ ལམ་འགར་ཐ་དད་པ་རུ་འདོད༔ ལམ་འགར་རྟེན་འབྲེལ་ཚུལ་དུ་འདོད༔ འདི་གསུམ་ནང་ནས་གཙོ་བོ་ཟུངས༔ འདི་ཕྱི་བར་གསུམ་ཐོག་མཐའ་ཀུན༔ འཁོར་འདས་བྱེད་པོ་གང་ཡིན་གྱི༔ ཚུལ་དང་ཆོ་གར་མཁས་པར་སྤྱོད༔ སྒོམ་ཞེས་ཡེ་ནས་མ་གྲུབ་པར༔ མཐོང་ཐོས་སྒུག་སླེབ་རྒྱང་རེ་རིང་༔ ཞེས་ཟེར་གད་མོ་ལྷག་ལྷག་དགོད༔ རྐྱེན་དེས་གཉིད་ལས་སད་པ་དང་༔ ལུས་ངག་ཡིད་གསུམ་བརྟག་དགོས་པའི༔ བརྡ་ཡིན་ཤེས་ནས་བལྟས་པའི་མོད༔ ངན་སོང་འཁོར་བར་འཁྱམས་མཁན་སེམས༔ སངས་རྒྱས་ས་ལ་གྲོལ་ཀྱང་སེམས༔ བདེ་སྡུག་ཉེ་བར་ལེན་ཀྱང་སེམས༔ གྲོལ་ན་རང་གིས་རང་གྲོལ་ལས༔ ལུས་ངག་དགེ་བས་མི་ཕན་པའི༔ ཚུལ་དང་རྒྱུས་སོགས་ཞིབ་ཏུ་རྟོགས༔ དེ་ནས་ཅི་བྱར་ངོས་མ་ཟིན༔ བཏང་སྙོམས་ངང་དུ་གནས་པ་ལས༔ སྟག་གི་ཟླ་བའི་ཚེས་དགུའི་ནུབ༔ རྨི་ལམ་སྣང་བ་མཆེད་པའི་དུས༔ སྔར་གྱི་བྱིས་པ་དེ་རུ་བྱུང་༔ དེ་ལ་བདག་གིས་འདི་སྐད་སྨྲས༔ ཁྱོད་ཀྱི་ངག་བཞིན་ངས་བརྟགས་ཀྱང་༔ ཀུན་བྱེད་མཁན་པོ་སེམས་ཡིན་པས༔ སྒོ་གསུམ་གཙོ་བོ་སེམས་ཡིན་གོ༔ ད་ནི་ཅི་བྱ་གང་མ་ཤེས༔ ཅེས་སྨྲས་བྱིས་པ་དེ་ན་རེ༔ ཀུན་བྱེད་མཁན་པོ་སེམས་ཡིན་ན༔ སེམས་འདི་དང་པོ་གང་ལས་བྱུང་༔ བར་དུ་གནས་པའི་ས་གང་ལགས༔ ཐ་མ་འགྲོ་དང་འགྲོ་མཁན་ལྟོས༔ གོ་ཙམ་ཐོས་ཙམ་མ་ཡིན་པར༔ ངེས་ཤེས་གཏིང་ནས་སྐྱེས་པ་དགོས༔ མ་བརྗེད་གནད་ཀྱི་དམ་པར་ཟུངས༔ ཞེས་ཟེར་ནམ་མཁའི་ངང་དུ་ཡལ༔ ཟླ་བ་དེ་ཡི་ཕྱི་མ་ལ༔ དེ་ནས་དེ་ལྟར་བརྟགས་པ་ལས༔ བྱུང་དང་བྱུང་མཁན་ཡུལ་མེད་མཐོང་༔ གནས་དང་གནས་མཁན་མེད་པ་དང་༔ འགྲོ་དང་འགྲོ་མཁན་ཐམས་ཅད་ཀུན༔ ཡུལ་དང་གཞི་རྩ་མེད་ཐག་ཆོད༔ ཡང་ནས་ཡང་དུ་བརྟགས་པ་ལས༔ ཁྱབ་བརྡལ་ནམ་མཁའི་རོལ་པར་མཐོང་༔ སེམས་དང་ནམ་མཁའ་དབྱེར་མེད་པའི༔ ངང་དུ་སང་ངེ་ས་ལེར་སོང་༔ དེ་མཐར་ཅི་བྱར་གཏོལ་མེད་ཚེ༔ ཟླ་བ་དེ་ཡི་ཕྱི་མའི་དུས༔ ཚེས་གཅིག་ནུབ་ཀྱི་རྨི་ལམ་ན༔ མཁའ་འགྲོ་སྣང་མཛད་མ་ཡིན་སྐད༔ བུད་མེད་གཞོན་ནུ་ཞིག་ན་རེ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཐེག་པ་གཞན་གྱི་ལམ་ཞུགས་ན༔ རྣམ་པར་རྟོག་པ་སྐྱེ་འགགས་ཅན༔ ཡིད་ཀྱིས་དགག་ཅིང་བསྒྲུབ་པ་དང་༔ གཅིག་གིས་གཅིག་ལ་བལྟ་བ་སོགས༔ བདེ་སྡུག་སྣང་བ་མ་ངེས་པ༔ བཙན་ཐབས་ཉིད་དུ་སློང་བའི་ཕྱིར༔ བསྟན་ཏེ་ས་དང་ལམ་གྲངས་བརྩི༔ དེ་ལ་བློ་གཏོད་བརྟན་པ་མེད༔ སེམས་དང་ནམ་མཁའ་དབྱེར་མེད་པའི༔ ངང་ཚུལ་རྟོགས་པའི་རྣལ་འབྱོར་གྱིས༔ ནམ་མཁའ་མངོན་གྱུར་རིག་པའི་མཁར༔ འདི་ནི་མྱུར་ལམ་ཟབ་ཁྱད་ཡིན༔ བློ་གཏོད་དོན་གྱི་དམ་པར་ཟུངས༔ མ་དང་མཁའ་འགྲོའི་སྙིང་ཐིག་ཡིན༔ གདམས་ངག་ཀུན་གྱི་རྩ་བ་མཆོག༔ ཉམས་སུ་ལོངས་དང་ངེས་གྲོལ་འགྱུར༔ ཅེས་ཟེར་དེ་ཡང་མི་སྣང་ཡལ༔ ལོ་ཁྱིམ་དེ་ཡི་དགུན་ར་བའི༔ ཚེས་གྲངས་བཅུ་ཡི་ཉི་མ་ལ༔ རྒོད་ཚང་ཅེས་བྱའི་བྲག་རྩ་རུ༔ ཕྱུགས་རྫིར་ཕྱིན་ནས་གཉིད་ལོག་ཚེ༔ མཁའ་འགྲོ་དམར་མོ་ཞིག་ན་རེ༔ བྲག་འདི་དམར་པོ་བཙན་གྱི་གནས༔ འདི་ན་གཏེར་གྱི་སྒྲོམ་བུ་དང་༔ རྡོ་ལས་གྲུབ་པའི་སྨེ་བརྩེགས་ཡོད༔ རི་མོ་ནག་པོ་ཡོད་པའི་སར༔ རྡོ་ཡིས་རྒྱོབ་ལ་གཏེར་ལོངས་ཟེར༔ སད་ནས་རྡོ་ཡིས་རྒྱབ་པའི་མོད༔ བྲག་ལ་ལིང་ཚེ་ཆད་པའི་ཤུལ༔ ལྕགས་རྡོ་ནག་པོ་འོད་འབར་བ༔ བྱ་རྒྱལ་རྒོད་ཀྱི་སྒོ་ང་ཙམ༔ རྡོ་ལས་བྱས་པའི་ཁྲོ་བོའི་གཟུགས༔ སོར་ལྔའི་ཚད་ཙམ་རྙེད་པ་དེ༔ ཁྱིམ་དུ་ཁྱེར་ནས་ཕྱིན་པ་ལས༔ བླ་མཆོད་ཆོས་འཛིན་བྱ་བར་བསྟན༔ དེ་ཡིས་ནངས་པར་འདི་སྐད་ཟེར༔ འདི་ནི་ལྷ་འདྲེའི་བླ་རྡོར་ངེས༔ རང་གནས་བསྐྱལ་དགོས་རྨི་ལམ་བྱུང་༔ ཟེར་ནས་ཕ་མ་གཉིས་ན་རེ༔ མྱུར་དུ་རང་གནས་ལ་ཁྱེར་ཟེར༔ དེ་བཞིན་སྔར་གྱི་གནས་སུ་བཞག༔ རྨི་ལམ་མཁའ་འགྲོ་མ་ན་རེ༔ ནོར་བུ་ལག་ཏུ་ལེན་པ་ན༔ འགོང་པོས་ལོག་པའི་ལུང་བསྟན་བྱུང་༔ སྐུ་རྟེན་བརྒྱ་ཡི་རྟེན་འབྲེལ་ཤོར༔ ཕྱིན་ཆད་དེ་འདྲའི་སྤྱོད་ངན་སྤོངས༔ ཟེར་ནས་ཅི་མི་སྣང་བར་སོང་༔ བཅུ་དགུའི་ལོ་ཁྱིམ་ལ་བབ་ཚེ༔ གསེར་སྨད་རྔ་ལ་སྟག་རྩེ་ཡི༔ བྱང་ཤར་ལོགས་སུ་སོང་བ་ན༔ བྲག་དང་ནགས་ཚལ་འཐིབ་པར་སོང་༔ ཡང་ཡང་ཕྱོགས་ཕྱོགས་སོང་བ་ན༔ བྲག་རིས་མཐའ་ནས་བསྐོར་བ་ཡི༔ དབུས་སུ་ན་བ་མེ་ཏོག་རྒྱས༔ ན་མཐར་ཤིང་གི་ར་བས་བསྐོར༔ བྲག་དམར་དགུང་ལ་སྙེགས་འདྲ་བའི༔ རྩ་བར་ཕུག་པ་ཆེན་པོ་ནི༔ ཕྱག་རྒྱའི་རྩེ་སྤྲད་འདྲ་བ་མཐོང་༔ དེ་ན་ཐབ་ཀ་མལ་ས་བཅས༔ མཐོང་བའི་མོད་ལ་ཡིད་སྐྱོ་ནས༔ ཡུན་ཅིག་ས་ལ་བསྡད་པའི་ཚེ༔ ར་ལ་ཞོན་པའི་མི་ཞིག་གིས༔ གནས་འདིའི་ཡིན་ལུགས་ཤེས་མ་ཤེས༔ གནས་འདིའི་ཡིན་ལུགས་མ་ཤེས་ན༔ གནས་འདི་བྲག་དང་ནགས་ཀྱི་རྫོང་༔ མ་ཅིག་ལབ་ཀྱི་སྒྲོན་མ་ཡིས༔ སྲས་མཆོག་ཐོད་སྨྱོན་བསམ་འགྲུབ་པས༔ ཟླ་བཅུར་སྒྲུབ་པ་བྱེད་པའི་གནས༔ རྒྱ་གར་དུར་ཁྲོད་ལྷུན་གྲུབ་བརྩེགས༔ ཉིད་དང་བྱིན་རླབས་མཚུངས་པའི་གནས༔ གནས་བདག་རྡོ་རྗེ་དྲག་པོ་རྩལ༔ རེས་འགའ་མ་མོ་མཁའ་འགྲོ་འགྲོགས༔ མཁའ་སྤྱོད་ཞིང་གི་ཚོགས་གྲལ་འགྲིམ༔ རེས་འགར་སྡེ་བརྒྱད་དམག་དཔོན་མཛད༔ ནག་ཕྱོགས་བདུད་ཀྱི་ཁ་གནོན་བྱེད༔ རེས་འགའ་རྒྱལ་བཙན་དཔུང་དང་འགྲོགས༔ འགྲོ་བ་མི་ཡི་ཁ་མགོན་བྱེད༔ རེས་འགའ་ཐེའུ་རང་འགོང་པོར་འགྲོགས༔ མི་སྲུན་སྡིག་སྤྱོད་དུས་མཐའ་བསྟུང་༔ རེས་འགའ་སྨན་བཙུན་ཁ་དཔོན་བྱེད༔ མནའ་ཟན་དམ་ལོག་ཕུང་ལས་འགྱེད༔ རེས་འགའ་ཡུལ་ལྷའི་དཔུང་དང་འགྲོགས༔ ཆོས་ལྡན་སྐྱེས་བུའི་བསྟན་པ་སྐྱོང་༔ དེ་འདྲའི་ཡོན་ཏན་ཚང་ན་ཡང་༔ བློན་ཆེན་རྒྱལ་པོ་གཡུ་ཕྲེང་གི༔ འཁོར་ཚོགས་ནག་པོའི་ཕྱོགས་ལ་དགའ༔ ཡུལ་གྱི་མི་རྣམས་ནག་པོར་བསྒྱུར༔ གཡོ་ཁྲམ་མནའ་ཟོས་དམ་ལོག་པའི༔ འབྲས་བུས་བསོད་ནམས་དཔལ་ཁ་ཉམས༔ དབུལ་ཕོངས་བསེ་རག་འགོང་པོ་དར༔ མ་འོངས་གཡང་དཀར་ལུག་གི་ཁྱིམ༔ ཁྱོད་ཀྱི་ཟབ་གཏེར་སྒོ་ཕྱེས་ནས༔ ཡུལ་འདིར་ཟབ་ཆོས་དར་བ་ཡི༔ ལས་སྐལ་རྟེན་འབྲེལ་འགྲིགས་བྱུང་ན༔ ཡུལ་འདིའི་མངའ་ཐང་གོང་འཕེལ་འགྱུར༔ བུ་ཁྱོད་རང་ཡུལ་ལོག་ལ་སོང་༔ འདི་ཡི་ནུབ་ཀྱི་ངོས་ཤིག་ན༔ སྒྲོལ་མ་ཡེ་ཤེས་སྒྱུ་མའི་སྐུ༔ གཡུ་ལས་གྲུབ་པའི་སྐུ་རུ་སྤྲུལ༔ དེ་ལ་མཇལ་ཚེ་ཕྱག་འཚོལ་ལ༔ མཎྜལ་ཕུལ་དང་བསོད་ནམས་འཕེལ༔ ཅེས་ཟེར་མི་སྣང་ནམ་མཁར་ཡལ༔ ཕྱིར་ལོག་འོང་བའི་ལམ་ཞིག་ན༔ བྲེ་གུ་དཀར་པོ་ཞིག་གི་ཚལ༔ གཡུ་ལས་གྲུབ་པའི་སྒྲོལ་མ་ནི༔ བོང་ཚད་གཉིས་ཙམ་ཡོད་པ་མཐོང་༔ དེ་ལ་ཕྱག་འཚལ་མཎྜལ་ཕུལ༔ འབྲལ་མི་ཕོད་པའི་མོས་གུས་སྐྱེས༔ དེ་ནས་ཨ་ནེའི་ཁྱིམ་དུ་སོང་༔ ལོ་རྒྱུས་སྨྲས་པས་དེ་ན་རེ༔ རྫུན་ནམ་ཡང་ན་ཐེའུ་རང་ཟེར༔ དེ་ནས་དབྱར་ཟླ་ར་བ་ཡི༔ ཚེས་བརྒྱད་དམར་ཤར་ཞེས་བྱའི་མདོར༔ རིག་པ་མངོན་བྱས་མཉམ་བཞག་ཚེ༔ གཉིད་དུ་ཕྱོགས་པའི་རྨི་ལམ་ན༔ འཕགས་པ་ཤཱ་རིའི་བུ་ཡིན་སྐད༔ དགེ་སློང་གཞོན་ནུ་ཞིག་ན་རེ༔ རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒོམ་ཞེས་བྱ་བ་དེ་ཡིན༔ སྒོམ་ལས་གཞན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མེད་དོ༔ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་གཞན་པའི་སྒོམ་ཡང་མེད་དོ༔ ཤེས་རབ་ནི་ཡེ་གནས་ཀྱི་ཤེས་པ་མངོན་དུ་གྱུར་པ་ཉིད་ཡིན་ནོ༔ ཕུང་པོ་ལྔ་པོ་འདི་རང་བཞིན་གྱིས་སྟོང་པ་ཡང་དག་པར་རྗེས་སུ་བལྟའོ༔ གཟུགས་སྟོང་པའོ༔ སྟོང་པ་ནི་གཟུགས་སོ༔ གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ༔ དེ་བཞིན་དུ་ཚོར་བ་དང་༔ འདུ་ཤེས་དང་༔ འདུ་བྱེད་ཐམས་ཅད་སྟོང་པ་ཉིད་དོ༔ རིགས་ཀྱི་བུ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ༔ མཚན་ཉིད་མེད་པ༔ མ་སྐྱེས་པ༔ མ་འགགས་པ༔ དྲི་མ་མེད་པ༔ དྲི་མ་དང་བྲལ་བ་མེད་པ༔ བྲི་བ་མེད་པ་གང་བ་མེད་པའོ༔ དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད༔ ཚོར་བ་མེད༔ འདུ་ཤེས་མེད༔ འདུ་བྱེད་མེད༔ རྣམ་པར་ཤེས་པ་མེད༔ མིག་མེད༔ རྣ་བ་མེད༔ སྣ་མེད༔ ལྕེ་མེད༔ ལུས་མེད༔ ཡིད་མེད༔ གཟུགས་མེད༔ སྒྲ་མེད༔ དྲི་མེད༔ རོ་མེད༔ རེག་བྱ་མེད༔ ཆོས་མེད་དོ༔ མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད༔ ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ༔ དེ་བཞིན་དུ་སྡུག་བསྔལ་བ་དང་༔ ཀུན་འབྱུང་བ་དང་༔ འགོག་པ་དང་༔ ལམ་མེད༔ ཡེ་ཤེས་མེད༔ ཐོབ་པ་མེད༔ མ་ཐོབ་པ་ཡང་མེད་དོ༔ རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ༔ སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དོ༔ ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ༔ དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས༔ བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ༔ ཞེས་པའི་བར་དུ་གསུངས་ནས༔ རིགས་ཀྱི་བུ་དེ་ལྟར་འཁོར་འདས་ཐམས་ཅད་སྟོང་ཉིད་ཆེན་པོར་རོ་གཅིག་པའི་དོན་དང་ངང་ཚུལ་ཤེས་ཏེ་སྟོང་ཉིད་མངོན་དུ་གྱུར་པ་ནི་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཡིན་པས༔ ངོ་ཤེས་ཏེ་ཡིད་ཆེས་པར་གྱིས་ཤིག༔ ཅེས་ཟེར་ཞིང་བདག་ལ་ཐིམ་པས་སྣང་བ་བདེ་ཀྱི་ལེ་རིག་པ་གསལ་སང་ངེ་བའི་ཉམས་ཤིག་ཤར༔ ལོ་ཁྱིམ་དེ་ཡི་དགུན་ཐ་མའི༔ ཚེས་གྲངས་བཅུ་གསུམ་ཉི་མ་ལ༔ ཕྱུགས་རྫིར་ཕྱིན་པའི་ལམ་ཁ་རུ༔ རླུང་གི་འཚུབ་མ་གཡས་འཁོར་མཐོང་༔ འདྲེ་ཡིན་བསམ་ནས་རྡོ་ཞིག་བླངས༔ ཧཱུྃ་བཞིའི་སྔགས་བརྗོད་འཕང་བ་ལས༔ བྱིས་པ་གཅེར་བུ་ཞིག་ན་རེ༔ ང་ནི་འདྲེ་མིན་ལྷ་ཡང་མིན༔ རྒས་མེད་དར་མེད་སྐྱེ་མེད་པས༔ བྱིས་པ་ནམ་མཁའི་ནོར་བུ་ཡིན༔ འདྲེ་ལ་རྣམ་པ་མང་པོ་ཡོད༔ མིག་མཐོང་བྱེད་ཀྱི་གྲོང་ཁྱེར་ཆེན་པོ་ན༔ གཟུགས་ཁམས་ལ་རྒྱུག་པའི་འདྲེ་རྒོད་ཡོད༔ འདྲེ་བཏུལ་ན་སྒྱུ་མ་མཁན་གྱིས་ཐུལ༔ དེ་ཁྱོད་ཀྱིས་མི་ཤེས་ཨ་ཙ་མ༔ རྣ་བ་ཐོས་ཆེན་གྱི་གྲོང་ཁྱེར་ཆེན་པོ་ན༔ སྒྲ་ལ་རྒྱུ་བའི་འདྲེ་རྒོད་ཡོད༔ འདྲེ་བཏུལ་ན་བྲག་ཆ་མཁན་གྱིས་ཐུལ༔ དེ་ཁྱོད་ཀྱིས་མི་ཤེས་ཨ་ཙ་མ༔ སྣ་ཚོར་ཆེན་གྱི་གྲོང་ཁྱེར་ཆེན་པོ་ན༔ དྲི་ལ་རྒྱུ་བའི་འདྲེ་རྒོད་ཡོད༔ འདྲེ་བཏུལ་ན་དྲི་ཟའི་བུ་ཡིས་ཐུལ༔ དེ་ཁྱོད་ཀྱིས་མི་ཤེས་ཨ་ཙ་མ༔ ལྕེ་མྱང་བྱེད་ཀྱི་གྲོང་ཁྱེར་ཆེན་པོ་ན༔ རོ་མངོན་དུ་བྱེད་པའི་འདྲེ་རྒོད་ཡོད༔ འདྲེ་བཏུལ་ན་རྨི་ལམ་མཁན་གྱིས་ཐུལ༔ དེ་ཁྱོད་ཀྱིས་མི་ཤེས་ཨ་ཙ་མ༔ ལུས་མྱོང་བྱེད་ཀྱི་གྲོང་ཁྱེར་ཆེན་པོ་ན༔ རེག་བྱ་མངོན་བྱེད་ཀྱི་འདྲེ་རྒོད་ཡོད༔ འདྲེ་བཏུལ་ན་ཆུ་བུར་མཁན་གྱིས་ཐུལ༔ དེ་ཁྱོད་ཀྱིས་མི་ཤེས་ཨ་ཙ་མ༔ ཞེས་ཟེར་ཆོས་ཉིད་སྒྱུ་མར་ཡལ༔ ལོ་ཁྱིམ་ཉི་ཤུ་ལ་བབ་ཚེ༔ དབྱར་ཟླ་འབྲིང་པོའི་ཉེར་ལྔའི་ནུབ༔ ནུབ་ཕྱོགས་ཆུ་ཤུལ་སྐམ་པའི་སར༔ ཀླུ་མོ་རྐང་ལག་བཞི་པོ་ལ༔ ནད་ཐེབས་ཞ་སྐམ་བྱུང་བ་ཞིག༔ ཤིན་ཏུ་ཉམ་ཐག་སྡུག་བསྔལ་མཐོང་༔ དེ་ལ་བདག་གིས་འདི་སྐད་སྨྲས༔ སྡུག་བསྔལ་འདི་འདྲ་འབྱུང་བ་ཡི༔ རྒྱུ་རྐྱེན་ཅི་ཡིན་དྲིས་པ་ལས༔ ཀླུ་མོ་དེ་ཡིས་འདི་སྐད་ཟེར༔ ཀྱཻ་མ་ང་ནི་སྡུག་རེ་བསྔལ༔ བུད་མེད་ཞིག་གིས་ལུས་བཀྲུས་པའི༔ ཁུ་བ་ཁར་སོང་གྲིབ་དང་དུག༔ ནད་དང་སྡུག་བསྔལ་འདི་འདྲ་བའི༔ རྒྱུ་དང་རྐྱེན་དུ་བབ་པ་ཡིན༔ ཆུ་མིག་སྐམ་ཞིང་གནས་མལ་ཡལ༔ འགྲོ་དང་འགུལ་བའི་སྟོབས་རྣམས་ཟད༔ ཁྱོད་ཀྱིས་ང་ལ་ཆུ་སྦྱིན་ཞིག༔ བཏང་བར་ནུས་ན་ཕན་ཕན་འདྲ༔ ཟེར་བའི་ལན་དུ་ངས་འདི་སྨྲས༔ ཀྱཻ་མ་ལས་ངན་སེམས་ཅན་ཁྱོད༔ སྔོན་ལས་ངན་པའི་འབྲས་བུ་ཡི༔ སྡུག་བསྔལ་བཟོད་མེད་འདི་འདྲ་མཐོང་༔ བཟློག་ཐབས་ང་འདྲས་འོང་མ་ཡིན༔ སྨྲས་ཚེ་འཕགས་པ་སྤྱན་རས་གཟིགས༔ མདུན་གྱི་ནམ་མཁར་སྣང་གྱུར་ཏེ༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཉོན་མོངས་སེམས་ཅན་འདི་སྐྱོབ་ཕྱིར༔ ཁྱོད་ཀྱིས་འདི་བརྗོད་འདི་སྒོམ་མཛོད༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་གཉིས་བཞེངས་སྟབས་ཅན༔ ཕྱག་གཡས་ནོར་བུ་རིན་ཆེན་དང་༔ གཡོན་པའི་མཆོག་སྦྱིན་ཕྱག་རྒྱའི་མཐིལ༔ ཨོཾ་དཀར་ཨཱཿདམར་ཨོཾ་མཐིང་ལས༔ ཟག་མེད་བདེ་ཆེན་བདུད་རྩིར་བབ༔ ཁམས་གསུམ་འགྲོ་བ་སྤྱི་དང་ནི༔ དམིགས་བྱའི་སྡུག་བསྔལ་ལས་ཉོན་བཅས༔ མེ་ལོང་གཡའ་བྲལ་བཞིན་དུ་དག༔ ལོངས་སྤྱོད་མི་ཟད་གཏེར་ཐོབ་ནས༔ འཕགས་པའི་གོ་འཕང་མངོན་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཞེས་འབུམ་ཕྲག་བཏང་བས་སྡུག་བསྔལ་དང་བྲལ་རྟགས་མངོན་དུ་འབྱུང་ཞེས་ཟེར་ནས་ཡལ༔ དེ་བཞིན་ཞག་པོ་བདུན་ཕྲག་ལ༔ ཆུ་སྦྱིན་དམིགས་འདོན་གྲངས་མང་བྱས༔ ཞག་བརྒྱད་དགོང་མོར་ཆར་བབ་བྱུང་༔ ནངས་པར་ཆུ་མིག་སྐམ་ཤུལ་ནས༔ ཆུ་རྡོལ་སྔར་ལས་ལྷག་པར་གྱུར༔ དེ་ནུབ་ཀླུ་མོ་དེ་ཡང་བྱུང་༔ སང་ཕོད་ཀླུ་ཡི་ནོར་གཅིག་སྟེར༔ ང་ལ་སྡུག་བསྔལ་གཏོང་བ་ཡི༔ བུད་མེད་དོ་ནུབ་གསོད་འགྲོ་ཟེར༔ དེ་ལ་བདག་གིས་འདི་སྐད་སྨྲས༔ བུད་མེད་མ་གསོད་དེ་ཉིད་ཀྱི༔ སྙིང་མི་དགའ་བ་ཙམ་ཐོང་སྨྲས༔ དེ་ལན་ཀླུ་མོ་དེ་ན་རེ༔ སྲོག་ཆགས་ཞིག་གི་སྲོག་སྙིང་དེ༔ མ་ལོན་སྡོད་ཐབས་མེད་ལགས་ཟེར༔ དེ་ནས་སྟེང་གི་ནམ་མཁར་སོང་༔ སང་གི་ཉི་ནུབ་སེར་བ་བབ༔ ཐོག་འཕང་འབྲི་གཅིག་བསད་གྱིན་སོང་༔ ཉེར་གཅིག་ལོ་ལ་བབ་པའི་ཚེ༔ དབྱར་ཟླ་ར་བའི་ཉེར་དགུའི་དུས༔ སྦྲུལ་ཚང་ནང་དུ་སྒོ་ང་མཐོང་༔ དེ་ནས་ཞག་འགའ་འདས་པའི་རྗེས༔ དེ་རུ་སོང་ནས་བལྟས་པ་ལས༔ སྒོ་ང་མཐེབ་མགོ་ཙམ་ཞིག་ནི༔ ཕྱི་ནང་སྒྲིབ་མེད་ཤེལ་ལྟ་བུའི༔ ནང་དུ་པདྨ་འདབ་བརྒྱད་ཞིག༔ གང་ལྟར་བཞག་ཀྱང་སྟེང་དུ་ཐོན༔ དེ་ལ་རྡོ་ཡི་ཁང་པ་བརྩིགས༔ ཞག་བཅུའི་རྗེས་སུ་རྨི་ལམ་ན༔ སྔོན་གྱི་ཀླུ་མོ་དེ་བྱུང་ནས༔ ཀླུ་ནོར་སྦྲུལ་གྱི་སྒོ་ང་དེ༔ ཁྱོད་ཀྱི་དྲིན་ལན་མཆོག་ཏུ་འཇལ༔ དབུལ་ཕོངས་འབྱོར་རྒུད་འདི་འདྲ་བའི༔ སྡུག་བསྔལ་འབའ་ཞིག་འདིས་སེལ་བྱེད༔ འདི་གནས་ཙམ་དུ་ལོངས་སྤྱོད་ཀྱང་༔ སྔར་ལས་ལྷག་པར་འགྱུར་ཞེས་ཟེར༔ དེ་ནས་བདག་གིས་བལ་དཀར་ལ༔ སྒོ་ང་དྲིལ་ཏེ་པར་བུར་བཅུག༔ རྟེན་དུ་བཅངས་པས་ལོངས་སྤྱོོད་ཀྱང་༔ སྔར་ལས་ཅུང་ཟད་འཕེལ་བར་འགྱུར༔ ལོ་དེའི་སྨད་ཀྱི་ཆ་ཞིག་ན༔ གྲོགས་མཆེད་བླ་མ་བརྟན་ཅེས་པས༔ ཁྱོད་ནི་རྨི་ལམ་མཁན་ཡིན་འདྲ༔ ང་ཡི་ལོངས་སྤྱོད་འཕེལ་པའི་ཕྱིར༔ སྔགས་ཅིག་ཨེ་འབྱུང་ལྟོས་དང་ཟེར༔ དེ་ལ་བདག་གིས་བདེན་བརྗོད་པའི༔ ནུབ་གཅིག་རྨི་ལམ་སྣང་ཆ་ལ༔ མཁའ་འགྲོ་ལྷ་ལྕམ་རྒྱལ་མོ་ཡིས༔ མི་དེས་ལོངས་སྤྱོད་འདོད་པ་ན༔ མདུན་དུ་གསེར་མཁར་སེར་པོའི་ནང་༔ རིན་ཆེན་ནོར་བུའི་ཁྲི་སྟེང་དུ༔ བཻ་ལས་རྒྱལ་ཆེན་རྣམ་ཐོས་སྲས༔ གསེར་མདོག་རྒྱལ་མཚན་ནེའུ་ལེ་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སེང་གེ་དཀར་མོའི་སྟེང་ན་འགྱིང་༔ འོད་དང་གཟི་བྱིན་དཔག་ཏུ་མེད༔ ཐུགས་ཀར་བཻཿཡིག་སེར་པོ་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་གནས་ནས་སྤྱན་དྲངས་བསྟིམ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ བཻ་ས་མ་ཡ༔ སརྦ་བ་སུ་སིདྡྷི་སིདྡྷི་ཧཱུྃ༔ ཞེས་བཟླས་མཆོད་དང་བསྐང་གསོལ་ན༔ ལོངས་སྤྱོད་འཕེལ་ཞིང་བཀྲ་ཡང་ཤིས༔ ཞེས་ཟེར་ཆོས་ཉིད་ངང་དུ་ཡལ༔ ཉེར་གཉིས་ལོ་ལ་བབ་པའི་དུས༔ ཆོ་འཕྲུལ་ཟླ་བའི་ཚེས་དགུའི་ནུབ༔ རྨི་ལམ་སྣང་བའི་ཆ་ཞིག་ན༔ ཡེ་ཤེས་མཚོ་རྒྱལ་ཡིན་སྐད་པའི༔ མཁའ་འགྲོ་མ་ཞིག་བྱུང་ནས་སུ༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ང་ངོ་ཁྱོད་ཀྱིས་མ་ཤེས་ན༔ ཇོ་མོ་མཁར་ཆེན་མཚོ་རྒྱལ་ཡིན༔ གུ་རུ་ཨོ་རྒྱན་ཆེན་པོ་ཡིས༔ ཁྱོད་ཀྱི་ཚལ་དུ་མངགས་པ་ཡིན༔ དགོས་པ་གང་ཕྱིར་འདིར་ལྷགས་ན༔ གདུལ་བྱ་དུས་ལ་བབ་པའི་ཚེ༔ བུ་ཁྱོད་མ་ཡི་ངག་ལ་ཉོན༔ སྦྲུལ་གྱི་བཞིན་མདངས་མཐོང་བའི་མོད༔ ཤར་ནས་རྟ་མཆོག་ཟུང་ཅིག་འབྱུང་༔ སྟེང་ནས་འོད་འདྲའི་ཚ་ཟེར་གྱིས༔ གདོང་ལྔའི་རྩལ་བསྐྱེད་རྟ་ལ་ཞོན༔ མི་སྲུན་སྡིག་པའི་ཡུལ་དུ་སླེབས༔ མཐོང་བྱེད་མིག་གི་འབྲས་བུ་འབྱེད༔ ཅང་ཤེས་ཡན་ལག་ཟུང་ཅིག་སྐྱེ༔ རིན་ཆེན་གསེར་གྱི་བྲག་རིར་འཕྲད༔ ཡིད་བཞིན་རིན་ཆེན་རྣམ་གསུམ་རྙེད༔ པདྨ་རཱ་གའི་རི་བོར་འཕྲད༔ ནམ་མཁར་ཉི་ཟླ་ཟུང་ཅིག་འཆར༔ བདུད་ནག་དམ་སྲིའི་ཡོ་ལང་གི༔ འཕྲུལ་གྱིས་ཆུ་དང་འོ་མ་འབྱེད༔ རིན་ཆེན་ས་ཡི་གཏེར་དང་འཕྲད༔ དེ་ལ་སྤྱོད་པའི་གདུལ་བྱ་དཀོན༔ ཟབ་ཆོས་དགོངས་པའི་ཀློང་ནས་རྡོལ༔ དེ་ཡིས་གདུལ་བྱ་རེ་དཀོན་ཙམ༔ དག་སྣང་ཡེ་ཤེས་དྲྭ་བ་འབྱུང་༔ དེ་ཡི་གདུལ་བྱ་ཤིན་ཏུ་མང་༔ ཆོས་ཉིད་ནམ་མཁའི་མཛོད་སྒོ་འབྱེད༔ དེ་ཡིས་གདུལ་བྱ་གྲངས་མང་འདུལ༔ ཁྱད་པར་ཆོས་ཉིད་ནམ་མཁའི་མཛོད༔ འབྲེལ་ཚད་ཐར་པའི་དྲུང་དུ་འཕེན༔ གཞན་ཡང་མི་ནག་སྲིན་པོའི་གྲོང་༔ ནག་ཕྱོགས་གདུག་པ་ཁ་དར་བས༔ ཁྱོད་དང་ཆོས་ལ་གཤེ་སྐུར་མཁན༔ བདུད་དང་དམ་སྲིའི་སྤྲུལ་པ་མང་༔ སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི༔ སྐྱེས་བུ་མང་པོ་དད་ཅིང་འདུན༔ དེ་ལ་གང་འདུལ་ཐབས་མང་པོས༔ ཆོས་སྟོན་རིམ་བཞིན་བསྟན་པ་སྤེལ༔ དེང་དུས་བསྐལ་པའི་སྙིགས་མ་འདིར༔ སེ་ཕུང་སྤྲུལ་པ་གླང་དར་མ༔ ཉག་གི་ལུང་པའི་མི་རྗེར་གྲགས༔ ལ་ལུང་མང་པོ་ཁ་ལོ་བསྒྱུར༔ ཉེས་མེད་མང་པོ་ཆད་པས་བཅིངས༔ ཆོས་སྡེ་མང་པོའི་བསྟན་པ་བཤིག༔ ཤར་དུ་བདུད་སྲིན་ཕོ་མོ་གཉིས༔ བསྡེབས་ནས་ལ་ལུང་མང་པོ་ཡི༔ སྡེ་པ་མང་པོ་ཁ་ལོ་བསྒྱུར༔ དེ་ཡི་སྡོང་ཟླ་ནག་ཕྱོགས་དང་༔ སྨོན་ལམ་ལོག་པའི་སྐྱེས་བུ་འགས༔ འཁྲུགས་རྩོད་དམེ་དང་གསོད་གཅོད་ཀྱི༔ ལས་ཀ་དག་ལ་བརྩོན་ནས་སུ༔ སྲིད་པའི་ལྷ་འདྲེ་གདུག་ཅན་འཁྲུགས༔ ནད་དང་མུ་གེ་གོད་ཡམས་འབྱུང་༔ ཀླ་ཀློའི་རྫས་སྔགས་དམོད་པའི་མཐུས༔ མི་རྣམས་མི་སྲུན་སྡིག་ལ་སྤྱོད༔ གཅིག་གིས་གཅིག་བསླུ་རྟག་ཏུ་རྒོལ༔ དུས་ངན་སྙིགས་མའི་མཚན་ཉིད་ངོམས༔ དེ་བཟློག་རྡོ་རྗེ་ཕུར་པ་ལ༔ བརྟེན་ནས་ལྷ་ཆེན་དབང་ཕྱུག་གི༔ སྒྲུབ་པ་ཉིད་ལ་འབད་པ་ཡི༔ སྐལ་པ་བདུད་ཀྱིས་མ་བསྒྱུར་ན༔ བསོད་ནམས་ཡར་འཕེལ་སྐབས་ཤིག་འབྱུང་༔ ཞེས་ཟེར་ཆོས་ཉིད་མཁའ་རུ་ཡལ༔ ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནུབ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ མཐིང་གི་མེ་ལོང་གཡའ་བྲལ་སྟེང་༔ ཡུངས་ཀར་བཅུ་གསུམ་བླུགས་ནས་སུ༔ ཁོ་མོའི་སྙིང་གི་བུ་མཆོག་ཁྱོད༔ ཡུངས་ཀར་དཔའ་བོ་འབྲུ་བཅུ་གསུམ༔ མ་འོངས་ཚེ་ཡི་སྨད་ཅིག་ན༔ ཚེ་འདིར་སངས་རྒྱས་མངོན་གྱུར་ཏེ༔ རྡོ་རྗེ་འཆང་དང་མཉམ་པ་ཡི༔ བུ་སློབ་དམ་པ་བཅུ་གསུམ་འབྱུང་༔ མེ་ལོང་སྙིང་ལ་འཆོངས་ཤིག་དང་༔ རྫོགས་ཆེན་དགོངས་པ་ཀློང་རྡོལ་འགྱུར༔ མཁའ་འགྲོ་ང་ཡང་ཁྱོད་ལ་ཐིམ༔ གཉིས་སུ་མེད་པའི་དགོངས་དོན་རྟོགས༔ ཞེས་ཟེར་བདག་གི་སྙིང་གར་ཐིམ༔ བདེ་སྟོང་ཡེ་ཤེས་ཉམས་ཤིག་ཤར༔ ས་ག་ཟླ་བའི་ཚེས་བཅུའི་ནུབ༔ རྨི་ལམ་སྣང་བའི་ཆ་ཞིག་ན༔ ཨོ་རྒྱན་སྐུ་ཡི་རྡོ་རྗེ་ཡིས༔ དངུལ་གྱི་བུམ་པ་སྤྱི་བོར་བཞག༔ བུམ་པ་སྐུ་ཡི་དབང་ཡིན་ཞེས༔ བུམ་ཆུ་སྤྱི་བོར་བླུགས་པ་ཡིས༔ ལུས་གང་བདེ་བའི་རོ་ཡིས་མྱོས༔ དེ་ཡང་སྤྱི་བོར་ཐིམ་པར་སྣང་༔ དེ་ནས་གླང་གི་ཟླ་བ་ལ༔ ཚེས་བརྒྱད་ནུབ་ཀྱི་སྣང་ཆ་ལ༔ ཨོ་རྒྱན་གསུང་གི་རྡོ་རྗེ་ཞེས༔ སློབ་དཔོན་སྐུ་མདོག་དམར་པོ་ཡིས༔ བྷནྡྷ་མི་གཙང་ཕྱི་སས་བཀང་༔ འདི་ནི་གསང་བའི་དབང་ཡིན་གྱི༔ ལྷག་མ་མེད་པར་རོལ་ཅིག་གསུངས༔ བདག་གི་ལག་ཏུ་གཏད་པའི་མོད༔ དད་གུས་སྟོབས་ཀྱིས་རོལ་པ་ལས༔ བདུད་རྩི་རོ་བརྒྱའི་བཅུད་ལྡན་པས༔ མངར་དང་དྲི་བཟང་མཛེས་པ་སོགས༔ ཡོན་ཏན་ལྡན་པ་ཞིག་ཏུ་གྱུར༔ བདེ་དང་སྟོང་པའི་ཡེ་ཤེས་མྱོང་༔ སློབ་དཔོན་ཆེན་པོའི་ཞལ་ན་རེ༔ བུམ་དབང་སྔར་ནས་ཐོབ་ཟིན་ཏེ༔ གསང་དབང་ད་རེས་ཐོབ་པ་ཡིན༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ དེའི་བསྟན་བསྲུང་བའི་སྲུང་མ་ཡི༔ དབང་རྣམས་གཅིག་ཆར་རྫོགས་པ་ཡིན༔ ཞེས་གསུངས་ཆོས་ཉིད་མཁའ་རུ་ཡལ༔ ལོ་ཁྱིམ་དེ་ཡི་རྒྱལ་ཟླ་བར༔ ཕ་ཅིག་དམ་པ་སངས་རྒྱས་ཀྱིས༔ དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི༔ དབང་དང་གདམས་པ་མང་དུ་གསུངས༔ ཁྱད་པར་འདི་སྐད་ཡང་ཡང་གསུངས༔ དམ་ཆོས་སྡུག་བསྔལ་ཞི་བྱེད་འདི༔ མདོ་རྒྱུད་མན་ངག་ཐམས་ཅད་ཀྱི༔ སྙིང་པོ་བསྡུས་ཏེ་བཅུད་དུ་དྲིལ༔ སེམས་ཉིད་མངོན་དུ་བྱེད་པ་ཡིན༔ སྣོད་བཅུད་སྟོང་པར་རིག་པ་ཡིན༔ སྣང་སྲིད་རང་སྣང་ལྟ་བ་ཡིན༔ ཁམས་གསུམ་སེམས་ཀྱི་རོལ་པ་ཡིན༔ འཁོར་འདས་སྟོང་ཉིད་གཅིག་གིས་ཆིངས༔ ལྷ་འདྲེ་རྣམ་རྟོག་དཀར་ནག་ཡིན༔ བདེ་སྡུག་སེམས་ཀྱི་རྫུན་རིས་ཡིན༔ རེ་དོགས་བདུད་ཀྱི་ཕོ་ཉ་ཡིན༔ འཛིན་པ་སེམས་ཀྱི་ངོ་བོ་ཡིན༔ འདོད་པ་སེམས་ཀྱི་བྱེད་པོ་ཡིན༔ སྒྱུ་མ་སེམས་ཀྱི་དཔེ་ཟླ་ཡིན༔ ཡིན་ལུགས་ཤེས་ན་ལྟ་བ་ཡིན༔ ཡིན་ལུགས་མངོན་གྱུར་སྒོམ་པ་ཡིན༔ གནས་ལུགས་རང་དབང་སྤྱོད་པ་ཡིན༔ བདུད་བཞི་དབྱིངས་སུ་གཅོད་པ་ཡིན༔ ཕུང་པོ་གཟན་དུ་བསྐྱུར་བ་ཡིན༔ བདེ་བ་གཞན་ལ་སྟེར་བ་ཡིན༔ སྡུག་བསྔལ་དང་དུ་ལེན་པ་ཡིན༔ དུར་ཁྲོད་གཉན་ཁྲོད་འགྲིམ་པ་ཡིན༔ ངེས་མེད་ཀུན་ཏུ་རྒྱུ་བ་ཡིན༔ འཇིགས་མེད་གདིང་ཆེན་ཐོབ་པ་ཡིན༔ ལྷ་འདྲེའི་འགྲོ་དོན་འགྲུབ་པ་ཡིན༔ དེ་རིང་ཁྱོད་ལ་སྟེར་ཞིང་གཏད༔ གདམས་ངག་ཀུན་གྱི་རྩ་བ་ཡིན༔ ལམ་རྣམས་ཀུན་གྱི་དམ་པ་ཡིན༔ ཚེ་གཅིག་སངས་རྒྱས་འགྲུབ་པ་ཡིན༔ ཞེས་ཟེར་བདག་ལ་ཐིམ་པར་སྣང་༔ ཉེར་གསུམ་ལོ་ལ་བབ་པའི་དུས༔ དབྱར་ཟླ་ར་བའི་ཚེས་བརྒྱད་ཉིན༔ ཤར་ཕྱོགས་མགོ་ལོག་ཡུལ་དུ་སོང་༔ ཚེས་བཅུའི་ནུབ་མོ་རྨི་ལམ་ན༔ གནང་གི་ཉི་མའི་དུས་དེ་རུ༔ རྟེན་འབྲེལ་ཅི་བྱུང་དེ་བཞིན་དུ༔ བསྒྲུབ་ན་འགྲོ་དོན་འབྱུང་ངེས་ཏེ༔ བུ་ཁྱོད་ལྟོས་ཤིག་རྟོག་ཅིག་ཅེས༔ མཁའ་འགྲོ་ལས་ཀྱི་དབང་མོས་གསུངས༔ བདེ་ཆེན་དག་པ་མཁའ་སྤྱོད་ན༔ བདེ་སྐྱིད་ཡོན་ཏན་བསམ་མི་ཁྱབ༔ མཁའ་འགྲོ་ང་ཡི་བཀོད་པ་ཡིན༔ ཞེས་ཟེར་ཆོས་ཉིད་མཁའ་རུ་ཡལ༔ དེ་ནས་གནང་གི་ཉི་མའི་དུས༔ སྔ་དྲོའི་དུས་ལ་བབ་པའི་ཚེ༔ སྨར་གྱི་སྟག་གཡག་འཕྲང་ཁ་རུ༔ བག་མར་འགྲོ་བ་ཞིག་དང་འཕྲད༔ བག་སྐྱེལ་རྣམས་ནས་འདི་སྐད་ཟེར༔ དེར་བོབ་ཆང་ལ་རོལ་ཞེས་ཟེར༔ དེ་བཞིན་ཆང་ལ་རོལ་པའི་ཚེ༔ བདག་གིས་རྟེན་འབྲེལ་བརྟགས་པ་ལས༔ ཁྱིམ་ཐབས་མོ་གྲོགས་བརྟེན་ནས་སུ༔ འཁོར་བའི་ཆོས་ལ་སྤྱོད་དགོས་པའི༔ བརྡ་དང་ལྟས་སུ་གོ་བཞིན་སོང་༔ ལོ་ཁྱིམ་དེ་ཡི་སྟོན་ར་བར༔ འཕགས་པ་འཇིག་རྟེན་དབང་ཕྱུག་གིས༔ ཞལ་གཟིགས་སྒྲུབ་ཐབས་མང་དུ་གསུངས༔ བུ་ཁྱོད་སྔོན་དུས་ལོ་བཅུ་བདུན༔ དུས་སུ་འཇམ་དཔལ་སྨྲ་སེང་བསྒྲུབས༔ ཞལ་གཟིགས་ལུང་བསྟན་ཐོན་ན་ཡང་༔ རིལ་བུ་མཁའ་འགྲོའི་དབྱིངས་སུ་བསྡུས༔ རྟེན་འབྲེལ་དེ་ཙམ་མ་ལེགས་པས༔ ད་དུང་དེ་བསྒྲུབ་ལ་འབད་ནས༔ སྔགས་ཀྱི་ཕྲེང་བ་ཉི་ཤུ་གཅིག༔ ཉིན་བཞིན་བརྒྱ་ཕྲག་ཆག་མེད་དུ༔ བརྗོད་ན་མགྲིན་པའི་རྩ་སྒོ་འབྱེད༔ ཚིག་དང་ཡི་གེའི་ཀློང་མཛོད་རྡོལ༔ རང་ལུས་ལྷ་རུ་མ་བསྐྱེད་ན༔ བཟླས་བརྗོད་བྱས་ཀྱང་འབྲས་མི་འབྱིན༔ དེ་ལྟར་གནད་དང་མི་ལྡན་ན༔ ཚིག་སྐྱོན་འབབ་སྟེ་ཀུན་གྱིས་གཤེ༔ དོན་དང་འགལ་ན་གཞན་ཐེ་ཚོམ༔ དུས་ངན་སྙིགས་མའི་རྟོག་གེ་བས༔ བྱིན་རླབས་རྣོ་ནུས་བརྟག་མི་ཤེས༔ ཚིག་ལ་བལྟས་ནས་གཤེ་སྐུར་འདེབས༔ ཁྱད་པར་ཐོབ་དང་གྲགས་པ་དང་༔ ཆོས་བརྒྱད་ཆེ་བས་བརྒྱན་པ་དང་༔ མིག་ལ་མཛེས་རྒྱན་ཅན་ཞིག་ལ༔ ཡོན་ཏན་མེད་ཀྱང་ཀུན་གྱིས་འདུད༔ སྨོན་ལམ་ལས་ཅན་གཏེར་སྟོན་ནི༔ དབུལ་དང་ཉམས་ཆུང་དམན་ལ་འཁྲུངས༔ ཕལ་ཆེར་རི་ཁྲོད་བྲག་ཕུག་འགྲིམས༔ འགའ་ཞིག་སྤྲང་པོའི་ངང་ཚུལ་འཛིན༔ འགའ་ཞིག་ཁྱིམ་པ་འཆོལ་པོའི་ཚུལ༔ ཉམས་ཆུང་གདུལ་བྱ་རྗེས་འཛིན་ཕྱིར༔ ཆེ་བ་སྤང་ནས་དམན་ས་འཛིན༔ སྨོན་ལམ་ལས་འབྲེལ་སྐྱེས་བུ་དང་༔ འཕྲད་དགོས་ཕྱིར་ན་རྒྱལ་ཁམས་ཀུན༔ ངེས་པ་མེད་པར་འགྲིམ་ཞིང་བསྒྲོད༔ སྐལ་ལྡན་སྐྱེས་བུ་ཐབས་ཀྱིས་འདུལ༔ འབྲེལ་ཚད་ཐེག་ཆེན་ལམ་ལ་སྦྱོར༔ ཀུན་ཀྱང་བསྒྲུབ་པ་ལྷུར་ལེན་ཅིང་༔ ནོར་དང་ཕྱུགས་ལ་སྲེད་པ་ཆུང་༔ པད་འབྱུང་ལ་གུས་མཆོད་ལ་དགའ༔ གདུལ་བྱའི་དོན་བྱེད་གཞན་དོན་ལ༔ དཀའ་ཚེགས་སྐྱོ་ངལ་མེད་པར་བརྩོན༔ སྔོན་ཡང་པད་འབྱུང་སྤྲུལ་པ་ཡི༔ སྨོན་ལམ་ལས་ཅན་གཏེར་སྟོན་ཀུན༔ སྒྲུབ་ལ་བརྩོན་ཅིང་འཆད་ལ་དགའ༔ གཞན་དོན་ཕྱོགས་མེད་གྲུབ་པ་སྟེ༔ གདུལ་བྱ་ཐུལ་ན་དེ་ཡིས་ཐུལ༔ དེང་དུས་ལྔ་བརྒྱའི་སྙིགས་མ་འདིར༔ ཟོག་པོ་གཏེར་བརྫུ་མང་པོ་ཡིས༔ ཚེ་འདིར་ཁེ་གྲགས་ལོ་འདོད་བསྒྲུབ༔ ནོར་ལ་སྲེད་ཅིང་ཟས་ལ་རྔམས༔ སྒྲུབ་ལ་མི་བརྩོན་གཏོ་ཡས་སྤྱོད༔ གྲོང་ཡུལ་ཀུན་ཉུལ་དལ་མེད་དུ༔ མི་ཚེ་རྙེད་ཚོལ་དག་ལ་ཟད༔ མཐོ་ལ་ངོ་བསྲུང་དམའ་ལ་སྡང་༔ འདོད་སྲེད་སྲང་ཁའི་ཁྱི་ལས་ཆེ༔ དེ་འདྲར་འབྲེལ་ཀྱང་དོན་མེད་དུ༔ ལོང་བའི་དེད་དཔོན་ལྟ་བུར་ཟད༔ སྐལ་བ་བཟང་པོའི་སྐྱེས་བུ་ཁྱོད༔ ཚེ་རབས་དུ་མས་སྦྱངས་སྟོབས་ཅན༔ རང་དོན་ཕུན་ཚོགས་སྔོན་སོང་ནས༔ གཞན་དོན་ཕྱོགས་མེད་དུས་ལ་བབ༔ རང་ལོ་སུམ་ཅུ་ལ་བབ་ཚེ༔ ཧོར་ཟླ་བརྒྱད་པའི་ཚེས་དགུའི་ནུབ༔ རྨི་ལམ་དག་པའི་སྣང་ངོ་རུ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མས༔ མ་ཀིའི་བུ་མོ་བསོད་ནམས་མཚོ༔ ཕ་མ་རིགས་ཀྱིས་མི་མཛེས་ཀྱང་༔ ཤ་ཟ་ཌཱ་ཀྐིའི་སྤྲུལ་པ་ཡིན༔ ཁྱོད་ཀྱི་མཛའ་མོར་བསྟེན་དང་ནི༔ སང་ཕོད་བསོད་ནམས་སྟོབས་ལྡན་པའི༔ བུ་ཞིག་སྲིད་པ་དགའ་རབ་རྗེ༔ སྨོན་ལམ་རྣམ་དག་སྟོབས་ཡོད་པས༔ གྲོགས་ངན་ཞིག་གིས་མ་བསྒྱུར་ན༔ ཁྱོད་བསྟན་ཉི་མ་ཤར་བ་བཞིན༔ ཕྱོགས་རྣམས་ཀུན་ཏུ་ཁྱབ་ཀྱང་སྲིད༔ མིང་ལ་བསོད་ནམས་བསྟན་འཛིན་ཐོགས༔ དེ་ནས་ཡོས་བུའི་ལོ་ཁྱིམ་ལ༔ བུ་ཞིག་སྲིད་པ་གང་ལགས་ན༔ ཁྱི་ར་མགོན་པོ་རྡོ་རྗེ་སྟེ༔ ཁྱོད་ཀྱི་བསྟན་ལ་མི་དད་ན༔ ཕན་མེད་གཞན་ལ་སྟེར་ན་ལེགས༔ དེ་ལ་སྲུང་མ་མི་དགྱེས་པའི༔ ལྟས་སུ་བསོད་ནམས་སྙན་གྲགས་ཞན༔ བུད་མེད་ཞིག་དེ་བཙས་པ་ལས༔ སྡོད་ལོང་མེད་དོ་དབྱིངས་ལ་ཡལ༔ འདི་ནས་བྱང་གི་ཕྱོགས་ཆ་ན༔ བུ་མོ་སྨེ་བའི་ཕྲེང་བ་ཅན༔ མིང་ལ་སངས་རྒྱས་ཞེས་གྲགས་པ༔ གཉན་མོ་སིདྡྷིའི་སྤྲུལ་པ་ལགས༔ ཁྱོད་ཀྱི་མཛའ་མོར་སྤྱོད་དང་ནི༔ བུ་གཅིག་སྐྱེ་སྟེ་རྒྱལ་པོ་ཛ༔ ས་མོ་སྦྲུལ་གྱི་ལོ་པ་མཐོང་༔ ཁྱོད་ཀྱི་བསྟན་ལ་སོ་ནམ་བྱེད༔ དེ་ནས་སང་ཕོད་ཡོས་བུའི་ལོར༔ མེ་ལོང་རྡོ་རྗེའི་རོལ་པའི་གར༔ བུ་གཅིག་འབྱུང་སྟེ་དངོས་མེད་ཀྱི་ལྷ་འདྲེའི་འགྲོ་དོན་འབྱུང་འགྱུར་ཅིང་༔ ཆ་ལུགས་ཡ་མ་ཟུང་དུ་སྟོན༔ ལྕགས་སྦྲུལ་ནག་པོའི་འཁྱིལ་ཁུག་ཏུ༔ རྨ་ཐོག་རིན་ཆེན་སྤྲུལ་པ་ལས༔ བུ་ཞིག་འབྱུང་སྟེ་འགྲོ་དོན་ཡོད༔ དང་པོ་བསྟེན་དགོས་བུད་མེད་ཟུང་༔ མཁའ་འགྲོ་དགྱེས་ཕྱིར་བརྟེན་པ་ལས༔ མངའ་ཐང་སྙན་གྲགས་མི་འབྱུང་ཡང་༔ ཟབ་ཆོས་མཐར་ཕྱིན་ཆེད་དུ་ལེགས༔ ཅེས་ཟེར་མི་སྣང་ནམ་མཁར་ཡལ༔ རང་ལོ་སུམ་ཅུ་རྩ་གཅིག་ལོར༔ ཧོར་ཟླ་དང་པོའི་ཚེས་བཅུའི་ནུབ༔ སློབ་དཔོན་པྲ་ཆེན་ཧསྟི་ཡིས༔ རྡོ་རྗེ་ཕུར་པའི་དབང་ལུང་གནང་༔ ལོ་ཁྱིམ་དེ་ཡི་ས་ག་ཟླའི༔ ཉེར་ལྔའི་ནུབ་མོ་ཡེ་ཤེས་ཀྱི༔ མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མ་དང་༔ གཅོད་ཀྱི་གདམས་པ་ཡོངས་རྫོགས་དང་༔ ཁྲོས་མ་ནག་མོའི་སྒྲུབ་ཐབས་དང་༔ དབང་ལུང་ཡོངས་སུ་རྫོགས་པ་གནང་༔ དེ་མཐར་ལུང་བསྟན་འགའ་ཞིག་གདམས༔ མཐར་ཡང་ཡུལ་མེད་ངང་དུ་ཡལ༔ རང་ལོ་སུམ་ཅུ་རྩ་གཉིས་ལོར༔ སྟག་གི་ཟླ་བའི་ཚེས་བཅུའི་ནུབ༔ ཨོ་རྒྱན་པདྨ་བདུད་འདུལ་གྱིས༔ ཞལ་གཟིགས་རྫོགས་ཆེན་གདམས་པ་གནང་༔ རང་ལོ་སུམ་ཅུ་རྩ་གསུམ་པའི༔ སྨིན་དྲུག་ཟླ་པའི་ཚེས་བཅོ་ལྔར༔ མཁའ་འགྲོ་སུ་ཀ་སིདྡྷི་ཡིས༔ བདུད་གཅོད་ཟབ་མོ་དང་འབྲེལ་བའི༔ སྒྲུབ་ཐབས་མན་ངག་མང་པོ་གནང་༔ རང་ལོ་སུམ་ཅུ་རྩ་བཞིའི་དུས༔ རྒྱལ་གྱི་ཟླ་བའི་ཉེར་བདུན་ནུབ༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ཡིས༔ བཀའ་བབས་ཆོས་ཀྱི་བདག་པོ་ད་ང༔ འབྱུང་འགྱུར་ལས་ཅན་སློབ་མའི་ཚོགས༔ ལུང་དུ་བསྟན་ཅིང་སྨོན་ལམ་བཏབ༔ དེ་ཉིད་བདག་ལ་ཐིམ་པར་སྣང་༔ རང་ལོ་སུམ་ཅུ་རྩ་ལྔ་ལ༔ བབས་པའི་དབྱར་ཟླ་ར་བ་ཡི༔ ཚེས་ལྔའི་ནུབ་ལ་བབ་པའི་ཚེ༔ རྨི་ལམ་ཉམས་ཀྱི་སྣང་ངོ་རུ༔ འཇམ་དཔལ་སྨྲ་བའི་སེངྒེ་དང་༔ ཞལ་མཇལ་འཇམ་དཔལ་རིགས་ལྔ་ཡི༔ ཕྱི་ནང་གསང་བའི་སྒྲུབ་ཐབས་ཀྱི༔ དབང་ལུང་ཡོངས་སུ་རྫོགས་པ་གནང་༔ སླར་ཡང་ལུང་བསྟན་ཞལ་གདམས་གསུངས༔ རང་ལོ་སུམ་ཅུ་རྩ་དྲུག་དུས༔ མགོན་པོ་ཚེ་དཔག་མེད་པ་ཡིས༔ ཞལ་གཟིགས་ཚེ་སྒྲུབ་དབང་ལུང་གནང་༔ གཞན་ཡང་བདེ་ཆེན་ཞིང་སྒྲུབ་ཀྱི༔ བསྐྱེད་དང་རྫོགས་རིམ་དུ་མ་གསུངས༔ ལོ་གྲངས་སོ་བདུན་ལ་བབ་ཚེ༔ kི་ལམ་ཉམས་ཀྱི་སྣང་ངོ་རུ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔ ཞལ་མཇལ་གསུང་གི་བདུད་རྩི་ཐོབ༔ བླ་མེད་ལུགས་དང་འབྲེལ་བ་ཡིས༔ ཉིད་ཀྱི་སྒྲུབ་ཐབས་རྣམ་ལྔ་ཡི༔ དབང་ལུང་ཡོངས་སུ་རྫོགས་པ་གནང་༔ སྨོན་ལམ་གཏད་རྒྱ་ཡང་ཡང་མཛད༔ རང་ལོ་སུམ་ཅུ་རྩ་བརྒྱད་དུས༔ རྨི་ལམ་དག་པའི་སྣང་ངོ་རུ༔ ཨོ་རྒྱན་སྣང་སྲིད་ཟིལ་གནོན་དང་༔ ཞལ་མཇལ་རིག་འཛིན་བླ་མ་ཡི༔ ཞི་དྲག་སྒྲུབ་ཐབས་མང་པོ་ཡི༔ དབང་ལུང་གདམས་པ་མང་དུ་གནང་༔ ལོ་གྲངས་སུམ་ཅུ་རྩ་དགུའི་དུས༔ ཨོ་རྒྱན་གཏེར་བདག་རྒྱལ་པོ་དང་༔ ཞལ་མཇལ་བཀའ་སྲུང་དྲེགས་ཚོགས་ཀྱི༔ སྒྲུབ་ཐབས་ལུང་དང་སྲོག་གཏད་གནང་༔ ལོ་གྲངས་བཞི་བཅུ་ལ་བབས་ཚེ༔ འོད་གསལ་ཉམས་ཀྱི་སྣང་ཆ་ལ༔ གྲུབ་ཆེན་ས་ར་ཧ་པ་དང་༔ ཞལ་མཇལ་ནམ་མཁའ་མཛོད་ཀྱི་སྐོར༔ དབང་ལུང་ཡོངས་སུ་རྫོགས་པ་གནང་༔ ལོ་གྲངས་བཞི་བཅུ་རྩ་གཅིག་དུས༔ མཁའ་འགྲོ་ཡེ་ཤེས་དཔལ་འབར་མས༔ འགྲོ་ཞིང་སྡོད་པའི་ལུང་མང་བསྟན༔ ལོ་གྲངས་བཞི་བཅུ་རྩ་གཅིག་དུས༔ མཁའ་འགྲོ་སུ་ཀ་སིདྡྷི་ཡིས༔ བདུད་གཅོད་ཟབ་མོའི་རྒྱུད་ཀྱི་སྡེ༔ བཅུ་བདུན་བདུན་བསྟན་འདི་དག་ཀུན༔ སྟོན་ཡུལ་སྣོད་ལྡན་ཉུང་ནའང་༔ རྟེན་འབྲེལ་ཙམ་དུ་བསྟན་ཅེས་ཟེར༔ ལོ་གྲངས་བཞི་བཅུ་རྩ་གཉིས་ལོར༔ མཁའ་འགྲོ་གསང་མཛོད་བདག་མོ་ཡིས༔ ཁྱོད་ཉིད་ས་ར་ཧ་པ་སྟེ༔ བཤད་པ་ཚིག་གི་ལམ་མ་ལྟོས༔ ཆོས་ཀུན་ཁོང་དུ་ཆུབ་ལགས་ཀྱང་༔ བུ་སློབ་ཡིད་ཆེས་བསྐྱེད་པའི་ཕྱིར༔ རྡོ་རྗེ་འཆང་དང་འཕྲད་དགོས་ཟེར༔ དེ་མ་ཐག་ཏུ་རྡོ་རྗེ་འཆང་༔ མདུན་གྱི་ནམ་མཁར་ལྷགས་ནས་སུ༔ རྒྱུད་སྡེའི་ཁོང་སྙིང་ཕྱུངས་པའི་ཆོས༔ འཁོར་འདས་སྟོང་ཉིད་ཆེན་པོ་རུ༔ འུབ་ཆུབ་རོལ་པ་མངོན་གྱུར་ནས༔ ལྷུན་གྲུབ་རོལ་པ་མངོན་བྱེད་ན༔ རྒྱུད་སྡེའི་ཁོང་སྙིང་ཕྱུངས་པ་སྟེ༔ ཞེས་ཟེར་ཡལ༔ དེ་ནས་བཞི་བཅུ་རྩ་གསུམ་དུས༔ མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མས༔ འོག་མིན་ལྷུན་གྲུབ་ཞིང་དུ་ཁྲིད༔ སྟོན་པ་ཉི་མའི་དབང་པོ་ཡིས༔ རིགས་སྔགས་ངན་སྔགས་མི་འདྲ་བའི༔ རིགས་ནི་བརྒྱ་དང་བརྒྱད་ཅུ་གནང་༔ ལོ་གྲངས་བཞི་བཅུ་རྩ་བཞིའི་མཐར༔ བྱིས་པ་གཞོན་ནུ་རྣམ་རྒྱལ་དང་༔ མཇལ་ནས་དབང་སྡུད་མན་ངག་གནང་༔ རང་ལོ་བཞི་ཅུ་རྩ་ལྔའི་དུས༔ མཁའ་འགྲོ་སྣང་མཛད་དབང་མོ་ཡིས༔ འགྲོ་ཕྱོགས་བྱ་བའི་ལུང་བསྟན་གནང་༔ བཞི་བཅུ་རྩ་དྲུག་ལ་བབ་ཚེ༔ འོག་མིན་རྣམ་མཛེས་ཞིང་ཁམས་ནས༔ ཡེ་ཤེས་ལྷ་མོ་དབྱངས་ཅན་མས༔ ནོར་གྱི་སྒྲུབ་ཐབས་མང་དུ་གསུངས༔ བུ་ཁྱོད་ཚེ་གེགས་ལ་ཐུག་ཉེ༔ ཚེ་བསྲིངས་ནོར་འཕེལ་སྙན་གྲགས་དང་༔ སྲིས་རྨེའི་ཕྱིར་དུ་ནོར་རྒྱུན་མའི༔ སྤྲུལ་པ་ཀ་ཡི་མིང་ཅན་དེ༔ སྨུག་པོ་སྡོང་གི་རིགས་ལ་ཡོད༔ ཁྱོད་ཀྱི་རིག་མར་བསྟེན་མཛོད་དང་༔ བསྟན་ལ་ཕན་ཐོགས་དཔག་མེད་འབྱུང་༔ ཞེས་སོགས་ལུང་བསྟན་དུ་མ་གསུངས༔ རང་ལོ་བཞི་བཅུ་རྩ་བདུན་དུས༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་མཇལ༔ དབང་ལུང་གདམས་པ་མང་དུ་གསུངས༔ རྡོ་རྗེ་གསུམ་གྱིས་བྱིན་རླབས་ཐོབ༔ རང་ལོ་བཞི་བཅུ་རྩ་བརྒྱད་དུས༔ རྨི་ལམ་དག་པའི་སྣང་ངོ་རུ༔ རྒྱ་གར་གངས་དཀར་ཏེ་སེ་ནས༔ བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་དང་༔ མཇལ་ཏེ་ཉིད་ཀྱི་སྒྲུབ་ཐབས་དང་༔ བདུད་རྩིའི་འཁྱིལ་བའི་སྒྲུབ་སྐོར་གྱི༔ དབང་ལུང་ཡོངས་སུ་རྫོགས་པ་ཐོབ༔ ལོ་གྲངས་བཞི་བཅུ་རྩ་དགུའི་དུས༔ འོག་མིན་བདེ་ལྡན་བཀོད་ཞིང་དུ༔ སྟོན་པ་རྡོ་རྗེ་འཆང་ཆེན་དང་༔ མཇལ་ཏེ་སྒྲུབ་པ་བཀའ་བརྒྱད་དང་༔ ཁྱུང་སྒྲུབ་དྲུག་ཕྲག་དབང་ལུང་བཅས༔ ཡོངས་སུ་རྫོགས་པ་གནང་བ་ཐོབ༔ ལོ་གྲངས་ལྔ་བཅུ་ལ་བབས་ཚེ༔ ལྕང་ལོ་ཅན་གྱི་གནས་མཆོག་ཏུ༔ གསང་བདག་ཕྱག་ན་རྡོ་རྗེ་དང་༔ ཞལ་མཇལ་རྫོགས་ཆེན་གདམས་པ་དང་༔ མཁའ་འགྲོའི་སྒྲུབ་ཐབས་མང་པོ་ཐོབ༔ རང་ལོ་ལྔ་བཅུ་རྩ་གཅིག་དུས༔ གྲུབ་ཆེན་ཧཱུྃ་ཀཱ་ར་དང་མཇལ༔ མྱུར་ལམ་ཐོད་རྒལ་གདམས་པའི་སྐོར༔ འདྲ་མིན་བདུན་ཕྲག་གནང་བ་ཐོབ༔ ཁྱོད་ཀྱི་གདུང་བརྒྱུད་འདི་རྣམས་ལ༔ གདམས་པའི་བརྒྱུད་ཟམ་མ་ཆད་ན༔ རིག་འཛིན་རྣལ་འབྱོར་ཤ་སྟག་འབྱུང་༔ ཞེས་གསུངས་སྨོན་ལམ་མང་དུ་བཏབ༔ ཨཿཡིག་མཐིང་ནག་དགུ་ཕྲག་གཅིག༔ གནང་ནས་ཟོ་ཞིག་མི་བརྗེད་གཟུངས༔ འཐོབ་བོ་གསུངས་བཞིན་ཇུར་མིད་བཏང་༔ རང་ལོ་ལྔ་བཅུ་རྩ་གཉིས་དུས༔ སློབ་དཔོན་ནམ་མཁའི་སྙིང་པོ་ཡིས༔ ཞལ་གཟིགས་བདག་ལ་འདི་སྐད་ཟེར༔ བུ་ཁྱོད་ང་ཡི་གདུང་བརྒྱུད་དེ༔ མན་ངག་གཅེས་ནོར་སྟེར་གྱིས་ཉོན༔ སྐྱེ་མེད་དྭངས་གསལ་ནམ་མཁའ་ལ༔ རྟེན་འབྲེལ་སྲིད་པའི་ཆོས་སོ་ཅོག༔ མེད་བཞིན་སྣང་སྟེ་དབྱིངས་སུ་འཇིག༔ འདི་ཡི་གནས་ལུགས་ཡིན་ལུགས་ཀུན༔ ཚུལ་བཞིན་རྟོགས་ནས་མངོན་གྱུར་པ༔ རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་ཡི༔ སྙིང་ཕྱུངས་ལག་མཐིལ་བཀྲམ་ནས་སུ༔ ཚ་བོ་ཁྱོད་ལ་གཏད་དོ་ཟུངས༔ ཞེས་སོགས་གདམས་པ་མང་དུ་གསུངས༔ རང་ལོ་ལྔ་བཅུ་རྩ་གསུམ་དུས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིས༔ མངོན་སུམ་ཞལ་གཟིགས་འདི་སྐད་གསུངས༔ ཁྱོད་ཀྱི་བུ་ཆུང་དྲི་མེད་འོད༔ རྒྱལ་སྲས་དྲི་མེད་འོད་ཟེར་ལགས༔ བུ་ཆུང་མི་ཕམ་རྡོ་རྗེ་འདི༔ ཀོང་སྨྱོན་སྦས་པའི་རྣལ་འབྱོར་ཡིན༔ བུ་ཆུང་འཛམ་གླིང་དབང་གི་རྒྱལ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཏེ༔ འཛམ་གླིང་གེ་སར་རྒྱལ་པོ་ལགས༔ བུ་ཆུང་ཀི་སོ་བྱ་བ་དེ༔ རྒྱལ་པོ་ཛཿཡི་རྣམ་འཕྲུལ་ལགས༔ ཆོས་རྒྱལ་མུ་རུབ་བཙན་པོ་ཡིན༔ བུ་ཆུང་པདྨ་རྡོ་རྗེ་དེ༔ གཏུམ་དྲག་མར་བ་ལོ་ཙཱ་ཡིན༔ བུ་ཆུང་ནམ་མཁའ་འཇིགས་མེད་ནི༔ སེམས་དཔའ་ང་ཡི་སྤྲུལ་པ་ཡིན༔ བུ་ཆུང་མགོན་པོ་དགྲ་འདུལ་ནི༔ ཕྱག་ན་རྡོ་རྗེའི་སྤྲུལ་པ་ལགས༔ བུ་ཆུང་ལྷ་ཆེན་སྟོབས་ལྡན་ནི༔ ལྷ་བུ་ཚངས་པ་གདོང་བཞི་སྟེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིན༔ ད་དུང་ཕྱག་ན་རྡོ་རྗེ་དང་༔ འཇམ་དབྱངས་སྤྲུལ་པ་ཟུང་དུ་འབྱུང་༔ དབང་ཕྱུག་ཆེན་པོའི་སྤྲུལ་པའི་བུ༔ འབྱུང་འགྱུར་དམ་སྲིས་བྱུང་མ་སྟེར༔ འབྱུང་ན་སྣང་སྲིད་དབང་བསྒྱུར་གྱི༔ རྟེན་འབྲེལ་སྣ་ཀ་དེ་ཙམ་མོ༔ ད་སྔོན་མའི་མངལ་ཞུགས་ནའང་༔ ཁྱོད་དང་སྐད་ཅིག་འབྲལ་མ་མྱོང་༔ ད་ནི་ཁྱོད་ཀྱི་སེམས་ལ་འཇུག༔ ལེགས་ཉེས་སྨྲ་རྒྱུ་འོང་མིན་གྱིས༔ ཁྱོད་ཀྱི་ཆོས་བདག་སྐྱེས་བུ་རྣམས༔ བསྟན་པ་འཛིན་ན་ལེགས་པ་ལ༔ གཞན་དུ་གྱུར་ན་བར་ཆད་མང་༔ ཟབ་ཆོས་བསྟན་ལ་བསོད་ནམས་དང་༔ ལས་ཀ་བྱས་ན་དུས་གསུམ་དགེ༔ ཞེས་གསུངས་ཆོས་ཀྱི་དབྱིངས་སུ་ཡལ༔ རང་ལོ་ལྔ་བཅུ་རྩ་བཞིའི་དུས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཞལ་ངོམས་ཆོས་བདག་སྐྱེས་བུའི་ཚོགས༔ ལུང་དུ་བསྟན་ཚུལ་ཡི་གེ་ལ༔ འཛེམ་ནས་འདི་རུ་མ་སྨྲོས་སོ༔ ཆོས་གཏེར་བརྒྱ་དང་བཅུ་དགུ་བསྟན༔ རང་ལོ་ལྔ་བཅུ་རྩ་བཞིའི་དུས༔ གལ་ཆེན་དག་སྣང་ཆེར་མང་བྱུང་༔ ལྔ་བཅུ་རྩ་ལྔ་ལ་བབ་ཚེ༔ མཁའ་འགྲོ་རྡོ་རྗེ་ཀུན་གཟིགས་མས༔ བསྟན་པ་སྤྱི་ཡི་ལུང་བསྟན་བཤད༔ ལྔ་བཅུ་རྩ་དྲུག་ལ་བབ་ཚེ༔ མཁའ་འགྲོ་ཀུན་མཁྱེན་ཡེ་ཤེས་མས༔ གང་ཟག་རབ་ཀྱི་ལུང་བསྟན་གནང་༔ ལྔ་བཅུ་རྩ་བདུན་ལ་བབ་ཚེ༔ མཁའ་འགྲོ་རྡོ་རྗེ་བདུད་འདུལ་མས༔ ནག་པོ་བདུད་སྤྲུལ་འབྱུང་འགྱུར་བསྟན༔ ལྔ་བཅུ་རྩ་བརྒྱད་ལ་བབ་ཚེ༔ རིག་འཛིན་རྡོ་རྗེ་གྲགས་པ་ཡིས༔ འཇའ་ལུས་རིག་འཛིན་བཅོ་བརྒྱད་ཀྱི༔ མིང་རུས་ལུང་བསྟན་ལོགས་སུ་བཀོད༔ ལྔ་བཅུ་རྩ་དགུ་ལ་བབ་ཚེ༔ མཁའ་འགྲོ་ཁྲོས་མ་ནག་མོ་ཡིས༔ ང་སྒྲུབ་ང་དང་གཉིས་མེད་དུ༔ གྱུར་པའི་སྐྱེས་བུ་ལྔ་བརྒྱ་འབྱུང་༔ ཞེས་གསུངས་ནམ་མཁའ་རྣམ་དག་ཏུ༔ དབྱིངས་ལ་དབྱིངས་ཞུགས་ཆམ་བརྡལ་ཡན༔ རང་ལོ་དྲུག་ཅུ་ལ་བབ་ཚེ༔ ཆོས་སྐུའི་སྟོན་པ་རྡོ་རྗེ་འཆང་༔ མི་མིན་རང་སྣང་སྟོན་པ་དང་༔ མཇལ་ནས་ཆོས་དང་སྲིད་པ་ཡི༔ བྱ་བྱེད་མང་དུ་བསླབ་པ་བྱུང་༔ ཁྱོད་ཀྱི་སློབ་ཆེན་ཀྭ་བ་བཞིའི༔ ཤར་གྱི་ཀྭ་ཆེན་ཆོས་རྡོ་རྗེ༔ རིགས་རུས་ངན་པའི་བྱེད་ལས་ཀྱིས༔ ཁྱོད་ཀྱི་བཀའ་དང་འགལ་ནའང་༔ དྲུག་ཅུ་རྩ་ལྔའི་ལོ་ཁྱིམ་ལ༔ ཁྱོད་ཀྱི་དྲུང་དུ་སླེབས་པའི་ཚེ༔ སེལ་མེད་དགའ་མཉེས་གནང་བྱིན་དང་༔ རང་གཞན་དགའ་བདེའི་དོན་གཅིག་ཡོད༔ ཅེས་ཟེར་ནམ་མཁའི་དབྱིངས་སུ་ཡལ༔ རང་ལོ་དྲུག་ཅུ་རྩ་གཅིག་དུས༔ ཆོས་སྐུ་རྡོ་རྗེ་འཆང་དང་མཇལ༔ ཐབས་ཤེས་ལྟོ་སྦྱོར་གདམས་པ་གནང་༔ ཁྱོད་ཀྱི་བུ་སློབ་འབངས་གྱུར་ལ༔ འཇའ་ལུས་རིག་འཛིན་ཆེན་པོ་དང་༔ གྲོལ་བའི་སར་སླེབ་མང་པོ་འབྱུང་༔ ངས་ཀྱང་སྨོན་ལམ་སྟོབས་སྦྲན་གསུངས༔ ཕྱག་མཐིལ་སྤྱི་བོར་བཞག་ནས་སུ༔ སྨོན་ལམ་གསུངས་ནས་དབྱིངས་སུ་ཡལ༔ དྲུག་ཅུ་རྩ་གཉིས་ལ་བབ་ཚེ༔ སླར་ཡང་ཨོ་རྒྱན་ཆེན་པོ་དང་༔ ཞལ་མཇལ་དབང་བསྐུར་ལུང་བསྟན་རིགས༔ མང་དུ་གསུངས་ཏེ་དབྱིངས་སུ་ཡལ༔ དྲུག་ཅུ་རྩ་གསུམ་ལ་བབ་ཚེ༔ ཡེ་ཤེས་མཁའ་འགྲོ་བདུད་འདུལ་མས༔ དབང་དང་གདམས་པ་མང་དུ་གསུངས༔ མཐར་ཡང་ལུང་བསྟན་རིགས་མང་གདམས༔ དྲུག་ཅུ་རྩ་བཞི་ལ་བབ་ཚེ༔ རིག་འཛིན་རྡོ་རྗེ་ཐོད་པ་དང་༔ མཇལ་ནས་དག་སྣང་སྐོར་ཚོ་གསུམ༔ ས་གཏེར་དང་བཅས་ཡོངས་རྫོགས་ཀྱི༔ དབང་དང་ལུང་རྣམས་ཚང་བར་གནང་༔ ད་སྔོན་རང་རིག་རྩལ་ཤར་ལ༔ དབང་འབྱོར་ངང་གིས་རྫོགས་མོད་ཀྱང་༔ ཡིད་ཆེས་ཕྱིར་ན་དེ་ཀ་ཡིན༔ ཞེས་གསུངས་བདག་ལ་ཐིམ་པར་སྣང་༔ དེ་ལྟར་ལོ་ཡི་གྲངས་བཞིན་དུ༔ དག་སྣང་སྣ་རེ་བཀོད་པའི་དོན༔ དད་ལྡན་སློབ་མས་ནན་བསྐུལ་བའི༔ ངོ་བཟློག་མ་ནུས་དེ་ཙམ་བྲིས༔ དག་སྣང་བྱུང་བ་ཐམས་ཅད་ཀུན༔ བརྗོད་ན་དགོས་པ་ཆུང་བ་དང་༔ ཤོག་གུ་དྲོན་དུ་དོགས་པས་ལན༔ མདོ་ཙམ་ལས་ནི་མ་བཤད་དོ༔ ཞེས་པ་འདིའང་ཐོག་མར་སློབ་བུ་བརྒྱ་ཕྲག་ཙམ་གྱིས་ནན་ཆེར་བསྐུལ་བ་ལ་བརྟེན་ནས་སྟོད་ཆ་ཙམ་བྲིས་ཟིན་རྗེས་བླ་མ་ཨོ་རྒྱན་རང་ཤར་གྱི་ངོར་ཡོངས་སུ་རྫོགས་པར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བཀོད་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །དགེའོ། །དགེའོ། །༈གཏེར་ཆེན་བདུད་འཇོམས་རྡོ་རྗེའི་རྟོགས་བརྗོད་འབྲིང་པོ་ཞལ་གསུང་མ་འདི་ཡང་གདོལ་བའི་བནྡྷེ་ཁྲོ་རྒྱལ་རྡོ་རྗེས་ལི་སྟོད་སྐལ་བཟང་དགོན་དུ་གཏེར་སྟོན་ཉིད་ཀྱི་ཕྱག་དཔེ་དངོས་ལས་བཤུས་ཤིང་ཞུས་ཏེ་གཏན་ལ་ཕབ་པའོ། །