TTDL-ZABTER-01-KA-008

From Dudjom Wiki
Revision as of 08:37, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-008
Wylie title TTDL-ZABTER-01-KA-008.pdf
Location bdud 'joms gling pa zab gter
Volume 1, Text 8, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མ་བསྒོམ་སངས་རྒྱས་ཟང་ཐལ་ལམ་བཟང་བཞུགས་སོ༔


༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག་༡༢༠༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་དོན་ཕྱིར་དུ༔ མ་བསྒོམ་སངས་རྒྱས་ཟང་ཐལ་ལམ་བཟང་གདམས༔ ད་ལྟ་བཞུགས་དང་སླད་ཀྱི་འབྱོན་འགྱུར་གྱི༔ པདྨ་ང་ཡི་བརྒྱུད་འཛིན་བུ་སློབ་རྣམས༔ ཡེ་གཞི་རང་བྱུང་སངས་རྒྱས་རང་ངོ་རུ༔ སྣང་སེམས་འཁྲུལ་བའི་རྨི་ལམ་ལས་སད་ནས༔ དབྱིངས་དང་ཡེ་ཤེས་གཉིས་མེད་རོལ་པ་རུ༔ མ་བཅོས་རང་སར་བཞག་ན་ཆོས་སྐུར་གྲོལ༔ དེ་འདྲའི་ནུས་པ་མེད་པའི་སྐྱེས་བུ་དག༔ ལམ་འདི་དུས་གསུམ་ཀུན་ཏུ་ཉམས་སུ་ལོངས༔ དུས་ལ་བབ་ཚེ་འཕོ་བའི་དགོས་པ་ཡོད༔ གནས་ཀྱི་མངོན་ཞེན་ལྡོག་པའི་ཕྱིར༔ ཨེ་མ་ཧོཿརང་སྣང་ལྷུན་གྲུབ་དོན་གྱི་འོག་མིན་མཁར༔ ཆགས་བྲལ་པདྨ་ཟླ་རྒྱས་གདན་སྟེང་དུ༔ ལུས་ཀྱི་མངོན་ཞེན་ལྡོག་པའི་ཕྱིར༔ རང་ལུས་མཁའ་སྤྱོད་གཙོ་མོ་རྣལ་འབྱོར་མ༔ དམར་གསལ་མདངས་ལྡན་བཅུ་དྲུག་ལང་ཚོས་མཛེས༔ ཕྱག་གཡས་གྲི་གུག་གཡོན་པས་བྷན་ཐོད་བསྣམས༔ སྣ་ཚོགས་རཏྣ་རུས་པའི་རྒྱན་གྱིས་སྤྲས༔ སྤྱན་གསུམ་མཁར་གཟིགས་དབུ་སྐྲས་སྐུ་རྒྱབ་ཁེབས༔ མཚན་དཔེས་རབ་འཁྱུད་ཞབས་གཉིས་དོར་སྟབས་མཛད༔ ལམ་གྱི་འདུ་ཤེས་ལ༔ ཡེ་ཤེས་འཇའ་སྐུ་སྟོང་རའི་གུར་ཁྱིམ་དབུས༔ ཨ་ཝ་དྷུ་ཏི་མདའ་སྙུག་འབྲིང་པོ་ཙམ༔ ཕྱི་དཀར་ནང་དམར་བར་སྔོ་གསལ་འཚེར་སྣུམ༔ མར་སྣེ་ལྟེ་བར་ཚིགས་ཀྱིས་འགགས་པ་ལ༔ ཡར་སྣེ་བདེ་ཆེན་ཚངས་པའི་བུ་གར་ཕྱེས༔ གནས་པོའི་འདུ་ཤེས་ལ༔ ཁྲུ་གང་སྟེང་དུ་འཕགས་པའི་གནས་མཆོག་ཏུ༔ སྣ་ཚོགས་པདྨ་ཟླ་རྒྱས་ལྟེ་བ་རུ༔ རྩ་བའི་བླ་མ་མགོན་པོ་འོད་དཔག་མེད༔ དམར་གསལ་ཉི་མ་འབུམ་བརྡལ་འོད་ཕུང་འབར༔ ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་མཛད༔ ཞི་འཛུམ་མཚན་དཔེ་རབ་རྫོགས་གཞོན་ཚུལ་མཛེས༔ ཆོས་གོས་རྣམ་གསུམ་གསོལ་ཞིང་ལྷུང་བཟེད་བསྣམས༔ མཐའ་བསྐོར་སངས་རྒྱས་བྱང་སེམས་རིག་འཛིན་ཚོགས༔ ཉི་མ་དང་ནི་འོད་ཟེར་ཇི་བཞིན་པར༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་འཁོར་ལོ་བསྒོམ༔ མགྲོན་པོའི་འདུ་ཤེས་ལ༔ སྙིང་གར་པདྨ་ཟླ་རྒྱས་ལྟེ་བ་རུ༔ རྣམ་ཤེས་ངོ་བོ་དྭངས་མའི་ཐིག་ལེ་ནི༔ གསལ་འཚེར་སྣུམ་འདྲིལ་མ་སར་སྒོ་ང་ཙམ༔ དབུ་མའི་ལམ་ནས་དཔག་ཆེན་མདའ་ལྟར་འཕང་༔ སྣང་བ་མཐའ་ཡས་ཐུགས་དང་གཉིས་མེད་བསྲེ༔ མཚན་བརྗོད་ལ་ལན་གསུམ་མམ་བདུན་རེའི་རྗེས་སུ་གསོལ་བ་འདེབས་ཤིང་ཡང་ཡང་བསྲེ་འཕོ་བྱ་བ་འདི་ཡང་མཆོག༔ ཨོཾ་ཨཱ༔ ཧཱུྃ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་འགྲོ་བའི་མགོན་པོ་པདྨ་འབྱུང་༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ དེ་ནས་བརྒྱུད་པའི་གསོལ་འདེབས་ནི༔ ཨེ་མ་ཧོཿའོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་ནས༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ ཕྱོགས་མེད་ཀུན་ཁྱབ་ཐུགས་རྗེའི་ཞིང་ཁམས་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴འོད་གསལ་སྣང་བཞི་མཐར་ཕྱིན་ཞིང་ཁམས་ནས༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴རྨད་བྱུང་བརྟུལ་ཞུགས་སྤྱོད་པའི་ཞིང་ཁམས་ནས༔ རིག་འཛིན་ཤྲཱི་སིང་ཧ་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴ཆོས་ཉིད་ཟབ་མོའི་གནས་ལུགས་མངོན་གྱུར་པའི༔ གུ་རུ་ཛྙཱ་ན་སཱུ་ཏྲ་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་མཉེས་པ༔ པཎ་ཆེན་བི་མ་མི་ཏྲ་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴པདྨ་ལས་འཁྲུངས་བརྫུས་སྐྱེས་མཆོག་གི་སྐུ༔ སློབ་དཔོན་པདྨ་འབྱུང་གནས་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴གྲུབ་པ་མངོན་གྱུར་རིག་འཛིན་སར་གནས་པ༔ གྲུབ་ཆེན་འབྲོག་བན་ལོ་ཙཱ་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴པདྨའི་རྗེས་བཟུང་ཟབ་གཏེར་སྒོ་འབྱེད་པ༔ གར་དབང་བདུད་འཇོམས་དཔའ་བོ་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག༔ དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴མཆོག་དང་ཐུན་མོང་དངོས་གྲུབ་གཏེར་གྱི་མཛོད༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴རྒྱུད་སྡེ་རྒྱ་མཚོའི་བཀའ་གསང་འཛིན་པ་པོ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ་གསོལ༴ཟབ་ལམ་འཕོ་བ༴འཕོ་བ་མཁའ་སྤྱོད༴ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ འཕོ་བ་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས༔ ཞེས་དང་༔ ཧྲཱིཿལྔ་ཚར་དང་སྦྲགས༔ ཕཊ་ཕཊ་ཕཊ༔ ཡང་ཡང་སྦྱངས༔ མཚན་བརྗོད་རྗེས་གསོལ་བ་འདེབས་པ་ནི༔ ཨེ་མ་ཧོཿབླ་མ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་ཡོངས་འདུས་མགོན་པོ་འོད་དཔག་མེད༔ མཁྱེན་བརྩེ་ནུས་པའི་བདག་ཉིད་རིགས་གསུམ་མགོན༔ བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་པདྨ་འབྱུང་༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ བདག་སོགས་ཆེ་གེ་འདི་ནི་ཚེ་འཕོས་གྱུར་མ་ཐག༔ ནམ་ཞིག་འཆི་བའི་དུས་བྱུང་ཚེ༔ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས༔ ཧྲཱིཿལྔ་ཚར་དང་༔ ཕཊ་ཕཊ་ཕཊ༔ ཡང་ཡང་སྦྱང་བའི་མཐར་སྨོན་ལམ་གདབ་པ་ནི༔ དུས་གསུམ་གཤེགས་པའི་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་བདེན་པའི་མཐུས༔ བདག་དང་འབྲེལ་ཐོགས་སེམས་ཅན་མ་ལུས་པའི༔ ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག༔ རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་ཁམས་སུ༔ དབང་བསྒྱུར་འཁོར་བ་དོང་སྤྲུགས་དཔལ་ཐོབ་ཤོག༔ ལན་གསུམ་བརྗོད་མཐར༔ ལམ་སྦྱོང་དུས་སུ་འདི་ལྟར་བཞག་པར་བྱ༔ ཧོཿརིགས་བདག་བླ་མ་སངས་རྒྱས་བྱང་སེམས་ཀུན༔ འོད་དམར་རྣམ་པར་དབུ་མའི་ལམ་ནས་བབས༔ སྙིང་དབུས་མི་ཤིགས་ཐིག་ལེར་རོ་གཅིག་འདྲེས༔ སྐད་ཅིག་ཡོངས་གྱུར་མགོན་པོ་ཚེ་དཔག་མེད༔ དམར་གསལ་མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ ལོངས་སྐུའི་ཆས་རྫོགས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཐུགས་སྲོགས་ཧྲཱིཿམཐར་སྔགས་ཀྱིས་བསྐོར་བ་ལས༔ འོད་ཟེར་འཕྲོས་པས་སྣང་སྲིད་སྣོད་བཅུད་ཀྱི༔ ཚེ་བསོད་དཔལ་ཡོན་བསྡུས་ཏེ་རང་ལ་བསྟིམས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་དག་མཉམ་རོལ༔ ཨོཾ་གུ་རུ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿཨ་མ་ར་ཎི་ཛི་བཱནྟེ་སྭཱ་ཧཱ༔ ཞེས་སྙིང་པོ་བརྒྱ་རྩ་དང་གཞན་ཚེ་གཟུངས་གྲངས་མང་བཟླས་ལ་མཉམ་པར་བཞག༔ ལས་ལ་སྦྱོར་ཚེ་ལྟ་བས་རྒྱས་འདེབས་ནི༔ ཧོཿམ་དག་གཟུང་འཛིན་ལས་བྱུང་སྣང་སེམས་ཆོས༔ ཡུལ་མེད་ཟང་ཐལ་ཆེན་པོར་ཧར་སངས་ཏེ༔ འཕོ་བྱ་འཕོ་བྱེད་བྲལ་བའི་བྱ་བཏང་གིས༔ ཉག་གཅིག་བྱང་ཆུབ་ཆེན་པོར་འུབ་ཆུབ་བོ༔ ལས་ལ་སྦྱོར་ཚེ་ཕྱོགས་བཅུ་སྤྲུལ་པའི་ཞིང་༔ གང་འདོད་ཡིད་ལ་བྱས་ནས་དེ་ཉིད་དུ༔ ཐེ་ཚོམ་ཕྱིར་ཆགས་མེད་པར་འཕོ་ནུས་ན༔ རྣམ་དག་ཞིང་དེར་དབུགས་ཆེན་འབྱིན་འགྱུར་རོ༔ པད་འབྱུང་བདག་གིས་ཕྱི་རབས་རྗེས་འཇུག་ལ༔ ཤིན་ཏུ་བརྩེ་བས་ཕ་ནོར་མཆོག་ཏུ་བཀོད༔ དགོངས་དང་སྨོན་ལམ་སྟོབས་རྣམས་རྒྱས་བཏབ་བོ༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་རིན་ཆེན་བྲག་ལ་གཏེར་དུ་སྦོས༔ བཀའ་སྲུང་དྲང་སྲོང་གཟའ་བདུད་ནག་པོས་སྲུངས༔ མ་འོངས་འབྲོག་བན་སྤྲུལ་པའི་རིག་འཛིན་པ༔ རྡོ་རྗེ་ཁྲོ་ལོད་རྩལ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།གཏེར་གཞུང་རྩ་བའི་ཚིག་རྣམས་སོར་བཞག་བྱས་ནས་བརྒྱུད་པའི་གསོལ་འདེབས་དང་འོག་གི་ཚིག་རྐང་དྲུག་འཕོ་བའི་ཚིག་གཉིས་བཅས་བསྣན་ཏེ་རིགས་སྲས་མཁྱེན་བརྩེའི་མྱུ་གུས་འདོན་བདེར་བཀོད་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག།།།