TTDL-ZABTER-01-KA-009

From Dudjom Wiki
Revision as of 08:37, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-009
Wylie title TTDL-ZABTER-01-KA-009.pdf
Location bdud 'joms gling pa zab gter
Volume 1, Text 9, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་བླ་མའི་སྒྲུབ་སྐོར་གྱི་དབང་གི་སྔོན་འགྲོ་གསལ་བྱེད་མེ་ལོང་བཞུགས་སོ༔


༠༠༠༠༠བརྡ་ཡིག་༡༣༠༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཡེ༔ སྐལ་བཟང་ལས་ཅན་སྐྱེས་བུ་རྣམས༔ གསང་བ་དབང་གི་སྒོར་འཇུག་ཚེ༔ ཐོག་མར་སྔོན་འགྲོའི་གནད་འདི་གལ༔ དང་པོ་དཀྱིལ་འཁོར་དེའི་མདུན་དུ༔ ཚོམ་བུ་བཞི་བཀོད་ཐོག་མ་རུ༔ བུམ་པ་དྲི་བཟང་ཆུ་ཡིས་དགང་༔ གཉིས་པར་ཙནྡན་སོ་ཤིང་དང་༔ གསུམ་པར་ཀུ་ཤ་གཙང་ལྡན་དང་༔ བཞི་པར་སྲུང་སྐུད་རྣམས་བཞག་ནས༔ དེ་ལ་བྱིན་བརླབ་བྱེད་པའི་ཐབས༔ དང་པོ་བུམ་པ་ལ༔ ཧཱུྃ༔ བུམ་པ་ཆོས་ཉིད་བརྡལ་ཁྱབ་ཀློང་༔ མ་ཆགས་སྐྱོན་བྲལ་པད་ཟླའི་སྟེང་༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞི་འཛུམ་མཚན་དཔེས་སྤྲས༔ ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་རྡོ་དྲིལ་བསྣོལ་སྟབས་འཛིན༔ ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ བཟླས་པས་བདུད་རྩིའི་རྒྱུན་བབས་བསམ༔ ཨོཾ་ཨཱ༔ ཧཱུྃསཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་སྟོང་བཟླས་མཐར༔ ཧཱུྃ༔ ལྷ་ཉིད་འོད་ཞུ་བུམ་ཆུར་ཐིམ༔ ཁམས་གསུམ་འཁོར་བའི་བག་ཆགས་ཀུན༔ དག་ཅིང་སྦྱོང་བྱེད་ནུས་ལྡན་གྱི༔ ཡེ་ཤེས་བདུད་རྩིའི་མཆོག་ཏུ་གྱུར༔ ཨོཾ་བཛྲ་སཏྭཧཱུྃ༔ ཅི་ནུས་བཟླས་མཐར་སོ་ཤིང་ལ༔ སོ་ཤིང་གི་སྟེང་དུ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་བོའི་ཆ་བྱད་ཅན་ཞལ་གདངས་ལྗགས་འདྲིལ་སྤྱན་གསུམ་དང་ལྡན་པ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་འགྱིང་ཞིང་ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཕྱར་ཞིང་གཡོན་པས་སྡིགས་མཛུབ་མཛད་པ་ཞིག་ཏུ་བསྒོམ༔ དེའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་རབ་ཏུ་འཕྲོས་ཏེ་སོ་ཤིང་ལ་ཐིམ་པས་འདོད་དོན་ནོར་འཁྲུལ་མེད་པར་སྟོན་པའི་ནུས་པ་དང་ལྡན་པར་བསྒོམ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎཧཱུྃ་ཕཊ༔ བཛྲ་ཧ་ས་ཧ་ས༔ ཞེས་སྟོང་བཟླས་མཐར༔ དཔུང་སྐུད་ཀྱི་སྟེང་དུ་ཁྲོ་ཆེན་བདུད་རྩི་འཁྱིལ་བ་ལྗང་ནག་ཁྲོ་བོའི་ཆ་བྱད་རྫོགས་པ༔ གཡས་རྒྱ་གྲམ་དང་གཡོན་སྡིགས་མཛུབ་མཛད་པ༔ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་དུ་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་སྲུང་སྐུད་ལ་ཐིམ་པས༔ གང་གི་ལུས་ལ་འཆང་བ་དེའི་ལུས་ངག་ཡིད་གསུམ་ཐམས་ཅད་མི་ཤིགས་རྡོ་རྗེ་སྲུང་བའི་གུར་ཁང་དུ་ཚུད་པར་བསྒོམ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བཛྲ་རཀྵ་རཀྵ་སྭཱ་ཧཱ༔ ལན་སྟོང་བཟླས་མཐར༔ ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་ཀུ་ཤ་བསང་སྦྱང་བྱ༔ སྟོང་པའི་ངང་ལས་ཀུ་ཤའི་སྟེང་དུ་འཇམ་དཔལ་གཞོན་ནུ་སེར་གསལ་རལ་གྲི་དང་པུསྟི་བསྣམས་ནས་སྐྱིལ་ཀྲུང་དུ་བཞུགས་པ་ཞི་བའི་ཚུལ་དགུ་དང་ལྡན་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པར་བསྒོམ༔ དེའི་ཐུགས་ཀར་ཡི་གེ་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས༔ ཀུ་ཤ་ལ་ཕོག་པས་གང་གི་སྟན་དུ་འདིང་བ་དེའི་ལེགས་ཉེས་ཐམས་ཅད་རྨི་ལམ་དུ་གསལ་བྱེད་ཀྱི་ནུས་པ་དང་ལྡན་པར་བསྒོམ༔ ཨོཾ་ཝ་གཱི་ཤྭ་རི་མུཾ༔ ཨོཾ་བཛྲ་ཎི་བྷི་ཤ་ཀེ་ཏུ་སྭཱཧཱ་པྲ་ནི་སྟོན་ཅིག༔ ཅེས་སྟོང་བཟླས་མཐར༔ བསྐྱེད་པའི་ལྷ་རྣམས་གཅིག་ཏུ་དྲིལ་ཏེ་བདག་དང་སྲུང་སྐུད་ལ་ཐིམ་པར་བསྒོམ༔ ཀུན་གྱི་མཇུག་ཏུ་བསྟོད་པ་བྱ་བ་ནི༔ ཧཱུྃ༔ སངས་རྒྱས་འདུས་པའི་དཔལ་ཆེན་པོ༔ མ་རིག་འཁྲུལ་པའི་སེམས་ཅན་ཀུན༔ སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ༔ དཔའ་བོ་ཆེན་པོ་ཁྱོད་ལ་བསྟོད༔ དེ་ནས་སྒོ་བསྡམས་པའི་ཕྱི་རོལ་དུ་སློབ་མ་རྣམས་བསྡུས་ལ་ལག་ཏུ་ཟན་དུམ་རེ་གཏད་ནས་བླ་མས་འདི་ལྟར་བརྗོད༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན་ཅིག༔ ད་ཁྱོད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ རང་གི་རྒྱུད་ལ་ཡོད་པའི་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་རྗེས་ཤུལ་ལྷག་མ་ཙམ་ཡང་མ་ལུས་པར་ཆངས་ཟན་ལ་ཐིམ་པར་བསམ་ཞིང་ཕུས་ཐོབ་ལ་ཆངས་བུ་གྱིས་ཤིག༔ ཅེས་བརྗོད་ཅིང་མཐར་སྣོད་གཅིག་ཏུ་བསྡུས་ཏེ་ཁྲུས་བྱ་བ་ནི༔ ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ་རྣམས་དམིགས་པ་འདི་བཞིན་དུ་གྱིས་ཤིག༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་ལས་དག་བྱེད་ཡེ་ཤེས་ཀྱི་ཆུ་རྒྱུན་ཆུ་ཀླུང་དྲག་པོ་ལྟ་བུ་ཁྱོད་རང་རྣམས་ཀྱི་སྤྱི་བོ་ནས་མར་བབས་པས་ནད་ཐམས་ཅད་རྣག་ཁྲག་གི་རྣམ་པ་དང་གདོན་ཐམས་ཅད་འབུ་སྲིན་ཕྲ་མོ་སྡིག་སྒྲིབ་བག་ཆགས་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་གཤང་ལམ་དང་བ་སྤུའི་སྒོ་ཐམས་ཅད་ནས་ཐོན་ཏེ་འོག་གཞི་དབང་ཆེན་གསེར་གྱི་ས་གཞི་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ བུམ་པ་སྟོང་ཉིད་གདལ་ཁྱབ་དབྱིངས༔ དག་བྱེད་ཆོས་ཉིད་ཆུ་བོའི་རྒྱུན༔ སྐལ་ལྡན་བུ་ལ་ཁྲུས་བགྱིའོ༔ ལས་ཉོན་བག་ཆགས་དག་གྱུར་ཅིག༔ ཨོཾ་བཛྲ་སཏྭ་སོགས་ཡིག་བརྒྱ་ཅི་མང་བཟླས་མཐར༔ སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་མཐར་སློབ་མས་འདི་ལྟར༔ ཀྱཻ༔ ཁྲོ་ཆེན་ཁམས་གསུམ་རྣམ་པར་རྒྱལ༔ རྡོ་རྗེ་འཇིགས་བྱེད་ཆེན་པོ་དགོངས༔ བདག་ཅག་ཡང་གསང་སྒོར་འཇུག་གི༔ སྒོ་ཕྱེས་ཐར་པའི་གྲོང་བསྟན་གསོལ༔ ཞེས་ལན་གསུམ་ཞུས་མཐར་བླ་མས༔ ཀྱཻ༔ ཁྱེད་ཅག་ངེས་གསང་བླ་མེད་ཀྱི༔ སྒོར་ཞུགས་ཡང་དག་སྒྲུབ་བྱེད་པའི༔ སྣོད་དང་ལྡན་པར་ངེས་གྱུར་ན༔ སྒྲུབ་ཁང་གཞལ་ཡས་ནང་དུ་གཤེགས༔ ཞེས་གནང་བ་བྱིན་ནོ༔ དེ་ནས་སློབ་མ་རྣམས་ནང་དུ་ཞུགས་ནས་ཕྱག་འཚལ་གྲལ་དུ་འཁོད་མཐར༔ བགེགས་འགུགས་བྱ་ཞིང་གཏོར་མ་བཏང་མཐར་གུ་གུལ་གྱིས་བདུག༔ དུག་ཐུན་སྣ་ཚོགས་ཀྱིས་བྲབ༔ སུམྦྷ་ནིས་བགེགས་བསྐྲད༔ སྲུང་འཁོར་བསྒོམས་མཐར་བླ་མ་ལ་མཎྜལ་ཕུལ༔ བླ་མས་འདི་སྐད་དུ༔ ཀྱཻ་རིགས་ཀྱི་བུ་རྣམས་ཉོན་ཅིག༔ དེང་ཁྱོད་ཅག་རྣམས་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ༔ མཇལ་བར་དཀའ་བའི་དམ་པའི་ཆོས་ཟབ་མོ་དང་མཇལ༔ འཕྲད་པར་དཀའ་བའི་བླ་མ་དམ་པ་དང་འཕྲད༔ ཁྱད་པར་ཆོས་ཐམས་ཅད་ཀྱི་ཡང་བཅུད༔ ལམ་ཐམས་ཅད་ཀྱི་འབྲས་བུ༔ གསང་སྔགས་བླ་ན་མེད་པའི་གདམས་ངག་ཟབ་མོ་དང་འཕྲད་པ་འདི་ལ་དགའ་སྤྲོ་ཁྱད་པར་ཅན་དང་ལྡན་པར་མཛོད་ཅིག༔ དགའ་སྤྲོ་སྐྱེས་པ་ཙམ་གྱིས་མི་ཆོག་སྟེ༔ ད་ལྟ་མཐུན་རྐྱེན་ཕུན་སུམ་ཚོགས་པའི་དུས་ཚིགས་འདིར་ཐར་པའི་ལམ་སྣ་ཟིན་པ་ཞིག་མ་བྱས་ན་འཆི་བ་ཆེན་པོའི་འཇིགས་པ་དེ་ནམ་འོང་ཆ་མི་ཆོད་པས༔ སང་བྱེད་གནང་བྱེད་ཀྱི་ཕྱི་བཤོལ་དུ་མི་འགྱང་བར་སྒོ་གསུམ་དགེ་བ་ལ་བསྐུལ་བ་གནད་ཀྱི་དམ་པར་ཟུངས་ཤིག༔ གལ་ཏེ་དེ་ལྟ་བུའི་གནད་འདི་དོར་བར་གྱུར་ན་འཆི་བ་ཐོག་བབས་སུ་བྱུང་ནས་དལ་འབྱོར་གྱི་མི་ལུས་འདི་བོར་ཕན་ཆད་འདི་འདྲ་བའི་ལུས་རྟེན་ཁྱད་པར་ཅན་ཤིན་ཏུ་ཐོབ་པར་དཀའ་བས་ཡིད་བཞིན་གྱི་ནོར་བུ་བོར་བ་དང་མཚུངས་པ་ཡིན༔ གལ་སྲིད་མི་ལུས་ཤིག་ཐོབ་ནའང་ཆོས་དང་འཕྲད་པ་ནི་ཉིན་མོའི་སྐར་མ་ཙམ་ལས་མེད༔ དེ་ལས་ཀྱང་གསང་སྔགས་ཟབ་མོའི་ཆོས་དང་འཕྲད་པ་ནི་ཨུ་དུམ་ཝ་རའི་མེ་ཏོག་ལས་ཀྱང་དཀོན་པ་ཡིན་པས་དུས་ད་རེས་ཀྱི་མི་ལུས་འདི་ལ་ཐར་པ་ཐོབ་ངེས་པ་ཞིག་ལ་རེམས་ཤིག༔ འོ་ན་གསང་སྔགས་བླ་ན་མེད་པའི་ཐེག་པ་འདི་ནི་ལམ་མྱུར་ཞིང་ཆོད་ཆེ་བ་བླ་ན་མེད་པའོ༔ ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་ནས་ཚེ་གཅིག་ཉིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པའི་ཐབས་མཆོག་ངེས་པ་ཡིན་ནོ༔ གསང་སྔགས་ལའང་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ་གཉིས་ཀྱི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་མཆིས་པ་ལས༔ འདིར་ཁྱད་པར་དུ་གྱུར་པ་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་ཡིན་ཏེ་འདི་ཉིད་ཀྱི་བླ་མ་བརྒྱུད་པ་ནི༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ ལོངས་སྐུ་རྡོ་རྗེ་སེམས་དཔའ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ༔ པཎ་གྲུབ་ཤྲཱི་སེངྷ༔ ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ༔ འབྲོག་བན་ཁྱེའུ་ཆུང་ལོ་ཙཱ༔ ཁྲག་འཐུང་རྡོ་རྗེ་གྲོ་ལོད༔ དྲིན་ཆེན་རྩ་བའི་བླ་མའི་བར་དུ་རིམ་པར་བརྒྱུད་པ་ཡིན་ཏེ༔ དེ་ལས་ཀྱང་ཆེས་ཆེར་ཉེ་བ་ནི་རང་སྣང་གི་སྟོན་པ་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་དེ་ཉིད་ཀྱིས་ཁྲག་འཐུང་ཆོས་ཉིད་ཀློང་རྡོལ་ལ་བསྟན་ཅིང་སྩལ་བ་ཡིན་པས་བླ་མ་བརྒྱུད་པའི་ཟམ་མ་ཆད༔ ཡི་དམ་ལྷ་ཡི་བྱིན་རླབས་མ་ཉམས༔ མ་དང་མཁའ་འགྲོའི་ཁ་རླངས་མ་ཡལ༔ གདམས་པའི་ནུས་པ་སླད་ཀྱིས་མ་བསྒྱུར་བ༔ འབྲེལ་ཚད་རྣམ་པར་གྲོལ་བའི་ཟབ་ཆོས་དམ་པ་ཡིན་པས༔ ཡིད་ཆེས་ཤིང་བློ་སྙིང་བྲང་གསུམ་ལིང་བཀལ་གྱི་དད་པ་དང་ལྡན་པར་གྱིས་ཤིག༔ ཅེས་གདམས་ཏེ་མཐར་དངོས་གྲུབ་ཀྱི་པྲ་ལྟས་བརྟག་པའི་ཆེད་དུ་སོ་ཤིང་དོར་བ་ནི༔ ཚོམ་བུ་བཀོད་པ་ལ་རྒྱལ་བ་རིགས་ལྔ་བསྐྱེད་བསྟིམ་མཆོད་བསྟོད་བསྡུས་པ་བྱས་མཐར༔ སོ་ཤིང་ལག་ཏུ་གཏད་ལ༔ ཀྱེ་ཧོཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ བདག་གི་ལྷག་བསམ་རྣམ་དག་པའི༔ བདེན་སྟོབས་ནུས་མཐུ་བྱིན་རླབས་ཀྱིས༔ སློབ་མའི་ལེགས་ཉེས་ཇི་ལྟ་བ༔ དེ་ལྟར་དེང་འདིར་གསལ་བར་ཤོག༔ ཅེས་བརྗོད་མཐར་སློབ་མས༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་དང་༔ བྱང་སེམས་འཕགས་པའི་དགེ་འདུན་གྱིས༔ བདག་ལ་རིགས་ཀྱི་ལྷ་གང་གི༔ དངོས་གྲུབ་འཐོབ་པ་དེ་བསྟན་གསོལ༔ ལན་གསུམ་མཐར༔ ཨོཾ་བཛྲ་ཧ་ས་ཧ་སྭཱ་ཧཱ༔ ཞེས་མིག་བཙུམ་ནས་ཚོམ་བུའི་སྟེང་དུ་དོར་བས་རྩ་བ་ཡར་བསྟན་ནས་འགྱེལ་ན་ལན་གསུམ་བསྐྱར་ནས་བརྟགས་པས་དེ་ལྟར་འགྱེལ་ན་བར་ཆད་ཀྱི་ལྟས་སུ་ངེས་པ་ཡིན་ཏེ་སྨོན་ལམ་གདབ་ཅིང་བཟློག་ཐབས་ལ་བརྩོན་ནོ༔ དྲང་པོར་འདུག་ནས་དབུས་སུ་བབས་ན་སངས་རྒྱས་རིགས་ལ་དབང་ཞིང་མཆོག་གི་དངོས་གྲུབ་ཐོབ༔ ཤར་དུ་བབས་ན་རྡོ་རྗེའི་རིགས་ལ་དབང་སྟེ་ཞི་བའི་དངོས་གྲུབ་ཐོབ༔ ལྷོ་རུ་བབས་ན་རིན་ཆེན་རིགས་ལ་དབང་སྟེ་རྒྱས་པའི་དངོས་གྲུབ་ཐོབ༔ ནུབ་ཏུ་བབས་ན་པདྨའི་རིགས་ལ་དབང་ཞིང་དབང་གི་དངོས་གྲུབ་ཐོབ༔ བྱང་དུ་བབས་ན་ལས་ཀྱི་རིགས་ལ་དབང་ཞིང་དྲག་པོའི་དངོས་གྲུབ་ཐོབ༔ མཚམས་བཞིར་བབས་ན་དངོས་གྲུབ་ཕྲན་བུ་རེ་འཐོབ་སྟེ་ལྷ་དང་ཕྱོགས་སྔ་མར་བསྟུན༔ རྩ་བ་ཚུར་བསྟན་ནས་འགྱེལ་ན་ལྷ་ལ་སྔོན་འབྲེལ་མེད་ཅིང་དངོས་གྲུབ་མི་འབྱུང་བའི་ལྟས་ཡིན་པས་སླར་སྨོན་ལམ་འདེབས་ཤིང་བསོད་ནམས་བསགས་པ་ལ་འབད་པར་བྱའོ༔ དུང་ཆུ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པ་བླུད༔ ཆོས་རྣམས་རྣམ་པར་དག་པ་ཡིན་པས༔ ཕུང་པོ་འདིའི་སྡིག་པ་ཐམས་ཅད་རྣམ་པར་སྦྱོངས་ཤིག༔ རྣམ་པར་རྟོག་པ་ཐམས་ཅད་བསལ་བར་མཛོད༔ ཨོཾ་ཧྲཱིཿབི་ཤུདྡྷཿསརྦ་དྷརྨཱཿཔཱ་པཾ་བི་ཤུདྡྷཿནི་ཙ་སྱ་བི་ཤྭ་དྷ་ཡ་སརྦ་བི་ཀལྦནྡྷ་ཨ་ན་ཡ་ཧཱུྃ༔ དེ་ནས་བར་ཆད་བསྲུང་ཕྱིར་དཔུང་སྐུད་བཏགས་པ་ནི༔ བླ་མས༔ ཧོཿབླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཡིས༔ འདི་ལ་སྲུང་སྐྱོབ་དམ་པ་མཛོད༔ ནད་རིགས་བཞི་བརྒྱ་རྩ་བཞི་དང་༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་མཐུན་འགལ་རྐྱེན་ཀུན་ལས་སྲུངས༔ བར་ཆད་ཐམས་ཅད་ལས་བསྲུང་མཛོད༔ ཁྱད་པར་རྨི་ལམ་གསལ་བ་དང་༔ དམ་ཆོས་སྒྲུབ་པའི་བར་ཆད་སྲུངས༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ་སྭཱ་ཧཱ༔ དེ་ནས་ཀུ་ཤ་རིང་ཐུང་གཉིས་ཆུན་པོ་བྱས་ཏེ་གཏད་ལ་སློབ་མས༔ ཀྱེ་ཧོཿབླ་མ་སངས་རྒྱས་བྱང་སེམས་དང་༔ དགེ་འདུན་འཕགས་པ་བདེན་གྲུབ་པའི༔ བདེན་མཐུ་བྱིན་རླབས་ནུས་སྟོབས་ཀྱིས༔ བདག་གི་ལེགས་ཉེས་ཇི་བཞིན་པར༔ ནོར་འཁྲུལ་མེད་པར་གསལ་བར་མཛོད༔ དེ་ནས་བླ་མས༔ ཧོཿདཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་དང་༔ བདག་གི་ལྷག་བསམ་རྣམ་དག་མཐུས༔ དད་ལྡན་སློབ་མ་འདི་རྣམས་ཀྱི༔ ལེགས་ཉེས་ཇི་བཞིན་རྨི་ལམ་དུ༔ དོ་ནུབ་ཉིད་དུ་གསལ་བར་སྟོན༔ དཔོན་སློབ་ཀུན་གྱིས་མཉམ་དུ༔ ཨོཾ་བཛྲ་ཎི་བྷི་ཤ་ཀེ་ཏུ་སྭཱ་ཧཱ༔ པྲ་ནི་སྟོན་ཅིག༔ ཅི་མང་བཟླ༔ ཉལ་བའི་ཚེ་བླ་མ་དང་དཀྱིལ་འཁོར་ལ་མགོ་ཕྱོགས་ཤིང་གཞོགས་གཡས་ས་ལ་གཏད་ཅིང་ཉལ་བའི་རྨི་ལམ་ནམ་ལངས་ཁར་རྨིས་པ་དེ་བཟུང་ནས་བླ་མ་ལ་ཞུ༔ རྨི་ལྟས་ངན་ན་ཟློག་པ་ལ་ནན་ཆེར་བརྩོན་པ་དང་སྦྱིན་སྲེག་གྲངས་མང་བཏང་བ་གནད་དུ་ཤེས་པར་བྱའོ༔ དེ་ནས་བཀྲ་ཤིས་བྱ་ཞིང་སྨོན་ལམ་གདབ་བོ༔ འདི་ལྟར་སྔོན་འགྲོ་གནད་ལྡན་ན༔ བསམ་དོན་འགྲུབ་ཅིང་བར་ཆད་སེལ༔ དབང་དང་གདམས་པའི་སྣོད་རུང་བྱེད༔ དངོས་གྲུབ་ཉེ་ཞིང་ལྷ་ཞལ་མཐོང་༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀ་དག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཅིག་བར་དུ་བཀའ་རྒྱས་བཏབ་མཐར་ཨ་ལྕགས་འབྲུ་ཡི་བནྡེ་ཆོས་རབ་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྡོ་རྗེ་མཆོག་རབ་བོ།།དགེའོ།།སརྦ་མངྒ་ལཾ།།།།