TTDL-ZABTER-01-KA-021

From Dudjom Wiki
Revision as of 11:30, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-021
Wylie title TTDL-ZABTER-01-KA-021.pdf
Location bdud 'joms gling pa zab gter
Volume 1, Text 21, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བླ་མ་རིག་འཛིན་འདུས་པ་ (bla ma rig 'dzin 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རིག་འཛིན་མེ་མཆོད་ལས་བཞི་ལྷུན་གྲུབ་དངོས་གྲུབ་སྙེ་མ་བཞུགས་སོ༔ ༠༠༠༠བརྡ་ཡིག་༢༠༢༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རིག་འཛིན་བླ་མ་འདུས་པ་ཡི༔ བསྙེན་སྒྲུབ་ལས་སྦྱོར་ཁ་བསྐང་དུ༔ སྲེག་བླུགས་བྱ་བར་འདོད་པ་ཡིས༔ ས་སྟེགས་སྟེང་དུ་རེ་ཁ་དྲུག༔ ཕྱེ་བའི་དབུས་མར་ཧཱུྃ་རཾཿབྲི༔ དེའི་ཕྱི་འདབ་མ་བརྒྱད་ལ་ནི༔ རིག་འཛིན་སྙིང་པོ་ཧཱུྃ་བརྒྱད་བྲི༔ དེའི་ཕྱི་འདབ་མ་ཉེར་ལྔ་དང་༔ དེའི་ཕྱི་འདབ་བཞི་རང་རང་གི༔ ལྟེ་བར་སྲོག་གམ་ཐིག་ལེ་བཀོད༔ དེའི་ཕྱི་རྡོ་ར་མཐའ་མར་ནི༔ མེ་རི་པ་ཏྲས་བསྐོར་བར་བྱ༔ དེ་སྟེང་ཐབ་དཀྱིལ་ལས་མཐུན་བརྩེགས༔ ཤར་དུ་མེ་དར་ཤར་ལྷོར་མེ༔ ནུབ་བྱང་རླུང་གཡབ་འཛུག་པར་བྱ༔ གཞན་ཡང་རྫས་ཀུན་འདུ་བྱས་ལ༔ དང་པོ་བྱིན་གྱིས་བརླབས་པ་ནི༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་འདོད་ཡོན་མཆོད་པའི་རྫས༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ རང་བྱུང་བདེ་བ་ཆེན་པོའི་དཔལ༔ ཡེ་ཤེས་རོལ་པའི་སྟོབས་ཤུགས་ཀྱིས༔ རང་དབང་བསྒྱུར་ཏེ་བདུད་རྩིར་བརླབས༔ རྒྱལ་བ་རྒྱ་མཚོ་མཉེས་པའི་རྫས༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་སྤེལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་སོགས་མ་ཧཱ་སརྦ་པཉྩ་བ་ལིཾ་ཏ་རཀྟ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ནང་མཆོད་འཐོར༔ ལས་མཐུན་གྱི་མེ་སྦར་ལ༔ ཨཱཿབདེ་ཆེན་ཡུམ་ལྔའི་མཁའ་ཀློང་དུ༔ རང་བྱུང་འོད་ལྔའི་ཕོ་བྲང་དབུས༔ མེ་ལྷ་ཨགྣེ་རཱ་ཛ་ནི༔ དཀར་གསལ་བསྒྲང་ཕྲེང་སྤྱི་བླུགས་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ པད་ཉི་ར་སྐྱེས་གདན་ལ་བཞུགས༔ ལྟོ་བ་ཡངས་ཤིང་རྒྱ་ཆེ་བར༔ བྷྲཱུྃཿལས་རིན་ཆེན་སྣ་ཚོགས་ཀྱི༔ གཞལ་ཡས་མཚན་ཉིད་རབ་རྫོགས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས༔ རྒྱལ་བ་མཆོད་ཅིང་སོགས་ནས་རང་གཞུང་གི་བཞུགས་གསོལ་ཡན་རྫོགས་མཐར་བྱོན་སྐྱེམས་འབུལ་བ་ནི༔ རྩ་སྔགས་མཐར༔ པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ལན་ཉེར་གཅིག་གིས་འབུལ༔ དེ་ནས་གཞུང་གི་ཕྱག་འཚལ་ནས་བཟུང་སྦྱོར་སྒྲོལ་གྱི་མཆོད་པ་ཡན་རྫོགས་མཐར༔ རྫས་རྣམས་འབུལ་བ་ནི༔ ཧཱུྃ༔ སྣང་སྲིད་བདུད་རྩིར་བསྒྱུར་བ་མཆོད་པའི་རྫས༔ བདེ་སྟོང་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདི༔ བླ་མའི་དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས་པ་ཡི༔ མི་འགྱུར་མི་ཤིགས་རྡོ་རྗེའི་དངོས་གྲུབ་སྩོལ༔ དང་པོ་མར་ཁུ་ལ་རྩ་སྔགས་མཐར༔ ཨོཾ་ཨ་མྲྀ་ཏ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདུན་གསུམ་ཉེར་གཅིག་གིས་ཕུལ༔ གཉིས་པ་ཡམ་ཤིང་ལ་རྩ་སྔགས་མཐར༔ ཨོཾ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ༔ ཤམ་བཅས་ཉེར་གཅིག་གིས་ཕུལ༔ གསུམ་པ་རྫས་འདུས་འབུལ་བ་ནི༔ རྩ་སྔགས་མཐར༔ མ་ཧཱ་སརྦ་པཉྩ་པཱུ་ཛ་ལ་ཁཱ་ཧི༔ ཤམ་བཅས་ཅི་འགྲུབ་འབུལ༔ མཚམས་རྣམས་སུ་འདོད་གསོལ་ནི༔ ཧོཿབླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ་བདུད་རྩི་སྲེག་བླུག་གི་མཆོད་པ་འདི་ཕུལ་བའི་མཐུས༔ རྣལ་འབྱོར་སྒྲུབ་པ་པོ་བདག་གི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་ཆོས་དང་བསོད་ནམས་སྙན་གྲགས་ལུང་དང་རྟོགས་པའི་ཡོན་ཏན་རྒྱས་པ་དང་༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་དབང་དུ་འདུ་བ་དང་༔ ལོག་པར་འདྲེན་པའི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་ཚར་གཅོད་པ་དང་༔ མཆོག་ཏུ་རིག་འཛིན་རྣམ་པ་བཞིའི་གོ་འཕང་ཚེ་འདིར་ཐོབ་པའི་ཕྲིན་ལས་མཛོད་ཅིག༔ རྗེས་སུ་གཞུང་གི་བསྟོད་པ་བྱ༔ དེ་ནས་གཏང་རག་ཆོ་ག་ནི༔ ཨོཾ༔ དངོས་འབྱོར་ཡིད་ལས་སྐྱེས་པ་ཡི༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན༔ རིག་འཛིན་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་རཱུ་པ་སོགས་དྷརྨ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་སརྦ་པཉྩ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་པཱུ་ཛ་སྭཱ་ཧཱ༔ དེ་ནས་གཤེགས་སྐྱེམས་འབུལ་བ་ནི༔ ཧཱུྃ༔ བྱང་ཆུབ་སེམས་བཅུད་བླ་མེད་རྫས༔ རང་བྱུང་བདུད་རྩི་ཨ་མྲྀ་ཏ༔ རིག་འཛིན་བླ་མའི་དལ་དུ་འབུལ༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ རྩ་སྔགས་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཉེར་གཅིག་གིས་ཕུལ༔ ཡམ་ཤིང་རྫས་འདུས་བཅས་གསུམ་རེས་ཕུལ་མཐར༔ ཧཱུྃ་ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བྱིན་རླབས་མཆོག་སྩོལ་བླ་མ་རྗེའི༔ གསང་གསུམ་མི་ཟད་རྒྱན་འཁོར་ནས༔ དབང་དང་དངོས་གྲུབ་མ་ལུས་པ༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་ལྷག་ཆད་ཁ་བསྐང་ནི༔ ཧོཿམ་འབྱོར་མ་རྙེད་མ་ཚང་དང་༔ ཆོ་ག་ལྷག་ཆད་སྔགས་མ་དག༔ ཏིང་འཛིན་གཡེལ་རྨུགས་ཉམས་ཆག་ཚོགས༔ མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད་བཞིན་ཐབ་ཏུ་ཡུངས་དཀར་འཐོར༔ དེ་ནས་གཤེགས་གསོལ་ནི༔ ཨོཾ༔ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད༔ རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ༔ སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུཿས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་འདྲེས་པར་བསམ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿརིག་འཛིན་བླ་མའི་དཀྱིལ་འཁོར་དུ༔ སྦྱིན་སྲེག་མཆོད་པ་ཕུལ་བའི་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ གཞོན་ནུ་བུམ་སྐུའི་ས་ཐོབ་ཤོག༔ ལན་གསུམ་བརྗོད༔ ཧོཿརང་རིག་བླ་མ་ཧེ་རུ་ཀའི༔ ཀུན་ཁྱབ་ཡེ་ཤེས་ཆོས་སྐུའི་ཞལ༔ མངོན་སུམ་འབད་མེད་མཐོང་ནས་ཀྱང་༔ འགྲོ་ཀུན་འདྲེན་པའི་དཔལ་དུ་ཤོག༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ བླ་མའི་བྱིན་རླབས་མཁའ་ལྟར་ཁྱབ༔ ཡི་དམ་དངོས་གྲུབ་སྤྲིན་དཔུང་འཁྲིགས༔ མཁའ་འགྲོའི་ཕྲིན་ལས་གློག་ལྟར་འཁྱུགས༔ མཆོག་ཐུན་དངོས་གྲུབ་ཆར་དུ་འབེབས༔ དོན་གཉིས་ཡིད་བཞིན་ལོ་ཐོག་རྒྱས༔ ས་གསུམ་དགེ་བའི་བཀྲ་ཤིས་ཤོག༔ གཞན་ཡང་ཤིས་བརྗོད་ཅི་རིགས་ཀྱིས་མཐའ་བརྒྱན་པར་བྱའོ༔ མེ་ནི་ཡེ་ཤེས་ལྷ་ཡི་ཞལ༔ བསྲེག་རྫས་བདེ་སྟོང་བདུད་རྩིར་གནས༔ མངོན་སུམ་ཉིད་དུ་ལོངས་སྤྱོད་པས༔ གང་དམིགས་ལས་ཀུན་ཐོགས་མེད་འགྲུབ༔ རྣལ་འབྱོར་ལྡན་པས་འདི་ལ་སྤྱོད༔ ས་མ་ཡ༔ ཞེས་རིག་པ་འཛིན་པ་སུ་ཁ་བཛྲ་གྱིས་བཞེད་སྐོང་དུ་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འཕྲལ་དུ་བྲིས་པའོ།།དགེའོ།།དགེའོ།།དགེའོ།།།།