TTDL-ZABTER-01-KA-035

From Dudjom Wiki
Revision as of 10:44, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-035
Wylie title TTDL-ZABTER-01-KA-035.pdf
Location bdud 'joms gling pa zab gter
Volume 1, Text 35, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་དྲག་ཟློག་དགྲ་འདྲེའི་དཔུང་འཇོམས་གཤིན་རྗེའི་རྐན་སྒྲ་ཞེས་བྱ་བ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༢༠༔ བླ་མ་དྲག་པོའི་རྣལ་འབྱོར་གྱིས༔ དྲག་ཟློག་ཟབ་མོ་ལག་ལེན་ན༔ དང་པོ་བཅའ་གཞིའི་རིམ་པ་ལ༔ གཞི་ནི་དམར་ནག་གྲུ་གསུམ་སྟེང་༔ ཆོས་འབྱུང་བསྣོལ་མར་བྲིས་པའི་དབུས༔ དམར་གྱི་གཏོར་མ་བརྗིད་ལྡན་ལ༔ གཏོར་ཕྲན་བཞི་དང་དེ་མཐར་བརྒྱད༔ དེ་མཐར་བཅུ་དང་སྒོ་བཞིར་བཅས༔ ཚང་བར་བཀོད་དེ་མཆོད་པའི་རྫས༔ ཁྲག་ཀོང་སྐྱུ་གུ་རྣམ་ལྔ་དང་༔ ཤ་དུམ་རྣམས་ནི་ཚང་བར་བྱས༔ དེ་མཐར་རྩང་གི་ར་བས་བསྐོར༔ བདག་ཉིད་ཡི་དམ་ལྷར་གསལ་བའི༔ ང་རྒྱལ་བརྟན་པ་གནད་དུ་བཟུང་༔ དམིགས་གསལ་བསྐྱེད་རིམ་གནད་ལྡན་པས༔ དྲག་ཟློག་ཟབ་མོ་འདིར་བརྩོན་བྱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རང་ཉིད་བླ་མ་དྲག་པོར་གསལ་བའི་སྐུ་ལས་འོད་ཕུང་དམར་པོ་སྤྲིན་གྱི་ཕུང་པོ་ལྟར་འཕྲོས་ཏེ་མདུན་བསྐྱེད་ཀྱི་གནས་སུ་བབས་པ་ལས༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ཡེ་ཤེས་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་དབུས་སུ༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ངོ་བོ་ལ་རྣམ་པ་ཐོད་པ་ར་རི་སུམ་བརྩེགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ༔ པདྨ་དང་ཉི་མ་རྒྱལ་བསེན་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་དུ་ཧཱུྃ་ཡིག་དམར་པོ་མེ་འབར་བ་ལས་འོད་འཕྲོས༔ རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་ཐམས་ཅད་ཆོས་དབྱིངས་འཁྲུལ་མི་ཤེས་པའི་ས་ལ་བསྒྲལ་ཞིང་བརྡལ་བར་བྱས༔ འོད་ཟེར་ཚུར་འདུས་པ་དང་མཉམ་དུ་འཁོར་འདས་གཉིས་ཀྱི་གཟི་བྱིན་ནུས་མཐུ་ཕྲིན་ལས་བཀྲག་མདངས་སྟོབས་རྩལ་ཐམས་ཅད་བསྡུས་ཏེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་གཏུམ་རྔམས་བརྗིད་ཀྱི་ཉམས་དང་ལྡན་པ༔ ཁྲོ་གཉེར་ཆུ་ཡི་རླབས་ལྟར་འཁྲུགས་པ༔ ཚེམས་དང་མཆེ་བ་གངས་རི་ལྟར་གཙིགས་པ༔ ལྗགས་གློག་དམར་ལྟར་འདྲིལ་ལ༔ སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་སྤྱན་རྩ་ལས་གློག་སྟོང་འཁྱུགས་པ༔ སྨ་ར་དང་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་ཁམ་ནག་མེ་ལྟར་འབར་ཞིང་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ༔ ཉི་མ་ཟླ་བས་སྙན་རྒྱན་བྱས་པ༔ ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་བསྐོར་ཐབས་སུ་འཛིན་ཅིང་༔ གཡོན་པས་ལྕགས་སྡིག་ནག་པོའི་སྐེད་ནས་བཙིར་བ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་མི་ལྤགས་ཀྱི་གཡང་གཞི༔ སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས༔ སྤྱི་བོར་ཐལ་ཆེན་གྱི་ཚོམ་བུ༔ མཁུར་ཚོས་ལ་རཀྟའི་ཐིག་ལེ༔ ཞལ་ལ་ཞག་གི་ཟོ་རིས༔ ཐོད་པ་སྐམ་རློན་དང་སྦྲུལ་གདོལ་པ་ནག་པོའི་དོ་ཤལ་རྣམས་གོས་དང་རྒྱན་དུ་རྫོགས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བ༔ ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་མེད་དུ་སྦྱོར་བ༔ དེའི་གཡོན་དུ་སྒྲོལ་ཡུམ་རྡོ་རྗེ་ཕག་མོ༔ ཕྱི་རིམ་ཕྱོགས་བཞི་རུ་དྲག་པོ་ཐོད་ཕྲེང་རིགས་བཞི༔ དེ་དག་གི་ཕྱི་རིམ་ཁོར་ཡུག་ཏུ་རིག་འཛིན་དྲག་པོ་བརྒྱད༔ ཕྱོགས་བཅུའི་ཁྲོ་བོ་ཆེན་པོ་བཅུ༔ སྒོ་སྐྱོང་དང་བཅས་པ་གསལ་བའི་གནས་གསུམ་ལས་འོད་འཕྲོས་པས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རྒྱ་མཚོ་ལ་ཁ་ཆར་བབས་པ་ལྟར་གཉིས་སུ་མེད་པར་ཐིམ་པར་གྱུར༔ བཛྲ་ས་མ་ཡ་ཛ་ཛཿཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ ཞེས་རྩ་སྔགས་ཅི་མང་བཟླས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་ཐམས་ཅད་ལས་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་ཁྲོ་བོ་དང་ཁྲོ་མོ་བྱ་ཁྱུང་དང་ལྕགས་སྡིག་མཚོན་ཆ་ཐུན་རྫས་ཟ་བྱེད་ཕག་ནག་མགོ་དགུའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས༔ གནོད་བྱེད་དགྲ་བགེགས་བྱད་མ་རྦོད་གཏོང་ཐམས་ཅད་བསད་བཅད་བསྲེགས་གཏུབ་རྔམས་ཟས་བྱས་ཏེ་རྗེས་ཤུལ་ཙམ་ཡང་མི་གནས་པར་བསམ་ལ༔ ཧཱུྃ་ཧྲཱིཿབདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གྲུ་གསུམ་དམར་ནག་ཆོས་ཀྱི་འབྱུང་གནས་མཁར༔ རྒྱལ་བསེན་གཅལ་དུ་བཀྲམ་པའི་གདན་སྟེངས་སུ༔ ཆེ་བའི་ཆེ་མཆོག་པདྨ་དྲག་པོ་རྩལ༔ སྐུ་མདོག་དམར་ནག་མེ་ཡི་ཕུང་པོ་ཅན༔ མེ་རླུང་ཐུན་མཚོན་ཁྱུང་སྡིག་ཕག་ནག་དང་༔ སྤྲུལ་པའི་ཁྲོ་ཚོགས་དཔག་མེད་ཕོ་ཉར་འགྱེད༔ དབུ་ཡིས་སྲིད་པའི་རྩེ་ནས་ལྷ་གདོན་འདུལ༔ སྐེད་པ་བར་སྣང་ཁམས་ཀྱི་སྡེ་བརྒྱད་འདུལ༔ ཞབས་གཉིས་རྒྱ་མཚོའི་སྟེང་ནས་ཀླུ་གདོན་འདུལ༔ བཞེངས་ཤིག་མི་མངོན་དབྱིངས་ནས་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ གནོད་བྱེད་དགྲ་བགེགས་བཟློག་པའི་ལས་མཛོད་ཅིག༔ དབུ་སྐྲ་ཁམ་ནག་གྱེན་དུ་འབར་བ་ཡིས༔ སྟེང་གི་ཕྱོགས་ནས་རྒོལ་བའི་དགྲ་བགེགས་ཟློག༔ སྤྱན་གསུམ་སྡང་མིག་ཉི་ལྟར་འབར་བ་ཡིས༔ ཁམས་གསུམ་འཁོར་བ་གཡོ་འཁྲུགས་དགྲ་ལ་ཟློག༔ ཞལ་གྱི་མཆེ་བ་ཟླ་ལྟར་གཙིགས་པ་ཡིས༔ སྐྱེ་བ་རྣམ་བཞིའི་སྲིད་པའི་རྒོལ་ངན་ཟློག༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར་བ་ཡིས༔ གནམ་ཐིལ་དཀར་པོའི་གནོད་པ་དགྲ་ལ་ཟློག༔ གཡོན་པས་ལྕགས་སྡིག་ནག་པོ་བསྡམས་པ་ཡིས༔ རྒྱལ་བསེན་སྲོག་བདག་གནོད་པ་དགྲ་ལ་ཟློག༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད་པ་ཡིས༔ ས་བདག་ཀླུ་གཉན་རྒོལ་དང་གནོད་འཚེ་ཟློག༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ་ཡིས༔ སྡེ་བརྒྱད་ལྷ་འདྲེའི་རྒོལ་ངན་དགྲ་ལ་ཟློག༔ ཡེ་ཤེས་མེ་དཔུང་དམར་ནག་འབར་བ་ཡིས༔ མི་མཐུན་ཕྱོགས་ངན་མ་ལུས་དགྲ་ལ་ཟློག༔ སྦྱོར་བའི་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མས༔ སྲིད་པ་མོ་རྒྱུད་ཡོངས་ཀྱི་རྒོལ་ངན་ཟློག༔ སྒྲོལ་བའི་ཡུམ་ཆེན་རྡོ་རྗེ་ཕག་མོ་ཡིས༔ བཀའ་སྲུང་ཆོས་སྐྱོང་ཡོངས་ཀྱི་རྒོལ་ངན་ཟློག༔ ཤར་གྱི་ཁྲོ་ཆེན་རྡོ་རྗེ་ཐོད་ཕྲེང་གིས༔ ཞེ་སྡང་ལས་གྱུར་དགྲ་གདོན་བགེགས་ཚོགས་ཟློག༔ ལྷོ་ཡི་ཁྲོ་ཆེན་རཏྣ་ཐོད་ཕྲེང་གིས༔ ང་རྒྱལ་ལས་གྱུར་དགྲ་གདོན་བགེགས་ཚོགས་ཟློག༔ ནུབ་ཀྱི་ཁྲོ་ཆེན་པདྨ་ཐོད་ཕྲེང་གིས༔ འདོད་ཆགས་ལས་གྱུར་དགྲ་གདོན་བགེགས་ཚོགས་ཟློག༔ བྱང་ཕྱོགས་ཁྲོ་ཆེན་ཀརྨ་ཐོད་ཕྲེང་གིས༔ ཕྲག་དོག་ལས་གྱུར་དགྲ་གདོན་བགེགས་ཚོགས་ཟློག༔ ཧཱུྃ༔ ཤར་ནས་རིག་འཛིན་ཧཱུྃ་ཆེན་ཀཱ་ར་དང་༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་དབྱིངས་ནས་བཞེངས༔ སྲིད་པ་ཤར་གྱི་དགྲ་གདོན་བགེགས་ཚོགས་ཟློག༔ ལྷོ་ནས་རིག་འཛིན་འཇམ་དཔལ་བཤེས་གཉེན་དང་༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་དབྱིངས་ནས་བཞེངས༔ སྲིད་པ་ལྷོ་ཡི་དགྲ་གདོན་གེགས་ཚོགས་ཟློག༔ ནུབ་ནས་རིག་འཛིན་ཀླུ་སྒྲུབ་སྙིང་པོ་དང་༔ པདྨ་གསུང་གི་ལྷ་ཚོགས་དབྱིངས་ནས་བཞེངས༔ སྲིད་པ་ནུབ་ཀྱི་དགྲ་གདོན་བགེགས་ཚོགས་ཟློག༔ བྱང་ནས་རིག་འཛིན་པྲ་བྷ་ཧསྟི་རྩལ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་དབྱིངས་ནས་བཞེངས༔ སྲིད་པ་བྱང་གི་དགྲ་གདོན་བགེགས་ཚོགས་ཟློག༔ ཤར་ལྷོའི་རིག་འཛིན་དྷ་ན་སཾསྐྲྀ་ཏ༔ མ་མོ་རྦོད་གཏོང་ལྷ་ཚོགས་དབྱིངས་ནས་བཞེངས༔ ཤར་ལྷོ་མཚམས་ཀྱི་དགྲ་གདོན་བགེགས་ཚོགས་ཟློག༔ ལྷོ་ནུབ་རིག་འཛིན་བི་མ་མི་ཏྲ་དང་༔ རིག་འཛིན་སློབ་དཔོན་ལྷ་ཚོགས་སྐུ་བཞེངས་ཤིག༔ ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ ནུབ་བྱང་རིག་འཛིན་རམ་བུ་གུ་ཧྱ་དང་༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་དབྱིངས་ནས་བཞེངས༔ ནུབ་བྱང་མཚམས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ བྱང་ཤར་རིག་འཛིན་ཤཱནྟིཾ་གརྦྷ་ཏ༔ དམོད་པ་དྲག་སྔགས་ལྷ་ཚོགས་སྐུ་བཞེངས་ཤིག༔ བྱང་ཤར་མཚམས་ཀྱི་དགྲ་བགེགས་གནོད་བྱེད་ཟློག༔ ཧཱུྃ་བྷྱོ༔ སྟེང་ཕྱོགས་ཁྲོ་ཆེན་ཧཱུྃ་ཀཱ་རས༔ སྟེང་ཕྱོགས་ལྷ་ཡི་རྒོལ་ངན་ཟློག༔ ཁྲོ་ཆེན་རྣམ་པར་རྒྱལ་བ་ཡིས༔ དྲི་ཟའི་གདོན་དང་གནོད་བྱེད་ཟློག༔ ཁྲོ་ཆེན་དབྱུག་པ་སྔོན་པོ་ཡིས༔ མེ་ལྷའི་གདོན་དང་གནོད་བྱེད་ཟློག༔ ཁྲོ་ཆེན་གཤིན་རྗེ་གཤེད་པོ་ཡིས༔ གཤིན་རྗེའི་གདོན་དང་གནོད་བྱེད་ཟློག༔ ཁྲོ་ཆེན་མི་གཡོ་མགོན་པོ་ཡིས༔ སྲིན་པོའི་གདོན་དང་གནོད་བྱེད་ཟློག༔ ཁྲོ་ཆེན་རྟ་མགྲིན་རྒྱལ་པོ་ཡིས༔ ཆུ་ལྷའི་གདོན་དང་གནོད་བྱེད་ཟློག༔ ཁྲོ་ཆེན་འདོད་པའི་རྒྱལ་པོ་ཡིས༔ རླུང་ལྷའི་གདོན་དང་གནོད་བྱེད་ཟློག༔ ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡིས༔ གནོད་སྦྱིན་གདོན་དང་གནོད་བྱེད་ཟློག༔ ཁྲོ་ཆེན་ཁམས་གསུམ་རྣམ་རྒྱལ་གྱིས༔ དབང་ལྡན་གདོན་དང་གནོད་བྱེད་ཟློག༔ ཁྲོ་བོ་ཆེན་པོ་སྟོབས་པོ་ཆེས༔ ས་བདག་གདོན་དང་གནོད་བྱེད་ཟློག༔ སྙིང་རྗེའི་སྒོ་མ་ལྕགས་ཀྱུ་མས༔ མི་ནད་ནོར་གྱི་གོད་ཁ་ཟློག༔ བྱམས་པའི་སྒོ་མ་ཞགས་པ་མས༔ ལྟོག་འགོང་དབུལ་སྲི་ཐམས་ཅད་ཟློག༔ དགའ་བའི་སྒོ་མ་ལྕགས་སྒྲོག་མས༔ ཟ་བའི་འདྲེ་དང་ཕུང་སྲི་ཟློག༔ བཏང་སྙོམས་སྒོ་མ་དྲིལ་བུ་མས༔ ཟ་འདྲེ་ཤི་གཤེད་བྱད་སྣ་ཟློག༔ ཧཱུྃ་བྷྱོ༔ དབང་དྲག་འབར་བའི་བཀའ་ཉན་པའི༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ བཀའ་སྲུང་གཞི་བདག་སྡེ་བརྒྱད་ཀྱི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ༔ བདག་ཅག་མི་ཕྱུགས་འཁོར་བཅས་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་བསྒྲལ་ཞིང་བརླག་པར་མཛོད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་དང་༔ དབང་དྲག་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་བདེན་སྟོབས་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ གཟུགས་ཅན་སྡང་བའི་དགྲ་རྣམས་ཟློག༔ གཟུགས་མེད་གནོད་པའི་བགེགས་རྣམས་ཟློག༔ ཟ་བར་བྱེད་པའི་འདྲེ་རྣམས་ཟློག༔ ཕུང་བར་བྱེད་པའི་སྲི་རྣམས་ཟློག༔ ཆུང་སྲི་གཞོན་སྲི་དར་སྲི་ཟློག༔ ནད་སྲི་ཤི་སྲི་གྲི་སྲི་ཟློག༔ གོད་སྲི་གོད་འདྲེ་ཕུང་སྲི་ཟློག༔ བྱད་ཁ་རྦོད་གཏོང་དམོད་སྣ་ཟློག༔ མོ་རྩིས་རྨི་ངན་ཐམས་ཅད་ཟློག༔ ཐན་དང་ལྟས་ངན་མ་ལུས་ཟློག༔ གྲི་ཁ་མཚོན་ཁ་སྨྲས་ངོ་ཟློག༔ ཕོ་གདོན་ཡོངས་ཀྱི་རྒོལ་ངན་ཟློག༔ མོ་གདོན་ཡོངས་ཀྱི་རྒོལ་ངན་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག༔ འཕྲོག་མ་མ་བུ་ལྔ་བརྒྱ་ཟློག༔ ཡུལ་ན་གནས་པའི་ཡུལ་འདྲེ་ཟློག༔ གྲོང་ན་གནས་པའི་གྲོང་འདྲེ་ཟློག༔ ཚེ་སྲོག་བསོད་ནམས་ལ་གནོད་པའི༔ འདྲེ་གདོན་གནོད་བྱེད་ཐམས་ཅད་ཟློག༔ མདོར་ན་མི་མཐུན་ཕྱོགས་རྣམས་དང་༔ མི་འདོད་ཉེ་བར་འཚེ་བའི་ཚོགས༔ མ་ལུས་བསྡུས་ཏེ་ལྷག་མེད་དུ༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ རྩ་སྔགས་མཐར༔ ཨཿཡཿམཿདུཿརུཿཙཿཤཿནཿནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ༔ བྷྱོ་བྷྱོ༔ ཟློག་ཟློག༔ ས་མ་ཡ༔ འདི་ཡིས་མི་ཟློག་གང་ཡང་མེད༔ ཟློག་པ་སྤུ་གྲིའི་འཁོར་ལོ་ཡིན༔ བསྐྱེད་རྫོགས་གདིང་ལྡན་རྣལ་འབྱོར་གྱིས༔ བཟློག་པའི་ཐབས་འདིར་བརྩོན་གྱུར་ན༔ འཕྲལ་རྐྱེན་ངན་པའི་གཡུལ་ལས་རྒྱལ༔ དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ གནོད་སྦྱིན་ཤན་པ་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདིའང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱས་བཏབ་མཐར་ཡེ་ཤེས་ཉི་མ་མཐའ་རྒྱས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཉིད་དོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།