TTDL-ZABTER-01-KA-038

From Dudjom Wiki
Revision as of 10:42, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-038
Wylie title TTDL-ZABTER-01-KA-038.pdf
Location bdud 'joms gling pa zab gter
Volume 1, Text 38, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རཀྴ་ཐོད་ཕྲེང་རྩལ༔ བདུད་འཇོམས་རྡོ་རྗེ་གྲོ་ལོད་ཀྱི༔ དབང་ཆོག་རིན་ཆེན་གཏེར་བུམ་བཞུགས༔ ༠༠༠༠༠བརྡ་ཡིག༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༤༦༔ ཆེ་མཆོག་རཀྴ་ཐོད་ཕྲེང་རྩལ༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱི༔ དབང་གི་དཀྱིལ་འཁོར་ཆེན་པོ་རུ༔ འཇུག་པའི་ལག་ལེན་རིམ་པ་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་རྫས་ཐམས་ཅད་ལེགས་པར་བཤམས༔ དང་པོ་སྒྲུབ་པའི་ལས་གཞུང་བསྲང་༔ དེ་ནས་སྒྲུབ་པའི་ཛབ྄་ཁང་དབྱེ༔ ཨཱཿབདག་ཉིད་དྲག་པོའི་དཀྱིལ་འཁོར་དུ༔ གསལ་བའི་རང་གདངས་རྟེན་བརྟེན་པའི༔ དཀྱིལ་འཁོར་ཡོངས་རྫོགས་ཆེན་པོར་སྤྲོས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ རོལ་པར་སྒྲུབ་རྫས་བྱིན་བརླབས་སོ༔ སྒྲུབ་སྔགས་སྟོང་ལས་མི་ཉུང་བཟླ༔ དང་པོ་སྟ་གོན་ལེགས་པར་བྱ༔ མཐར་ནི་སློབ་མ་གྲལ་དུ་འཁོད༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་མཆོག་བསྐྱེད༔ དེ་ནས་མཚན་ལྡན་བླ་མ་ལ༔ དད་དམ་ལྡན་པའི་སློབ་བུ་ཡིས༔ གསེར་གྱི་མཎྜལ་ལེགས་བཀོད་ནས༔ དད་གུས་ལྡན་པས་ཞུ་བ་ནི༔ ཧོཿབླ་མ་སངས་རྒྱས་ཀུན་འདུས་དཔལ༔ ཁྱེད་ལ་སྐྱབས་མཆི་སྡིག་པ་བཤགས༔ བདག་ནི་འཁོར་བ་ལས་བསྒྲལ་ཕྱིར༔ དབང་གི་དཀྱིལ་འཁོར་ཆེན་པོ་འདིར༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལན་གསུམ་མཐར༔ བླ་མས༔ ཀྱེ་ཧོ་རིགས་ཀྱི་བུ་མཆོག་རྣམས༔ ཁྱེད་ཅག་དབང་གི་སྒོར་འཇུག་ན༔ དམ་ཚིག་གཉན་པོ་བསྲུང་ནུས་སམ༔ ནུས་ན་སྨིན་གྲོལ་བསྟན་པར་བགྱི༔ མི་ནུས་པ་རྣམས་ཕྱིར་དེངས་ཤིག༔ ཅེས་དམ་ཉམས་རྣམས་ཕྱིར་དབྱུང་༔ དེ་ནས་སློབ་མས་ཞུ་འབུལ་ནི༔ ཀྱེ་ཧོཿབླ་མ་མགོན་པོ་ཆེ་བའི་མཆོག༔ དཀྱིལ་འཁོར་མངའ་བདག་དཔལ་ཆེན་པོ༔ བདག་ལ་བརྩེར་དགོངས་རྗེས་སུ་ཟུངས༔ དམ་ཚིག་གཉན་པོ་བདག་གིས་བསྲུངས༔ འགྲོ་བའི་དོན་ཡང་ཅི་ནུས་བསྒྲུབ༔ དབང་གིས་སྨིན་གྲོལ་མཛད་དུ་གསོལ༔ ཞེས་ཞུ༔ དེ་ནས་བླ་མས༔ ཀྱེ་ཧོཿལས་སྨོན་བསོད་ནམས་ཕུན་ཚོགས་པའི༔ སྐལ་ལྡན་སྐྱེས་བུ་དམ་པ་རྣམས༔ ཕུན་སུམ་ཚོགས་པ་ལྔ་ལྡན་གྱི༔ ཞིང་ཁམས་རྣམ་དག་དྲན་པར་གྱིས༔ འདུ་ཤེས་དག་པ་བསྟེན་མཛོད་ཉོན༔ སྨིན་གྲོལ་དབང་མཆོག་སྟོན་པར་བགྱི༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ གསང་ཆེན་བདུད་རྩི་བླ་ན་མེད༔ རྡོ་རྗེའི་དམ་ཚིག་ཆེན་པོའི་བཅུད༔ སྐལ་ལྡན་ཁྱོད་ཀྱི་ལྕེ་ལ་བཞག༔ དམ་ཚིག་སྲུང་ན་དངོས་གྲུབ་ཐོབ༔ ཉམས་ན་བཀའ་ཡི་ཆད་པས་གཞོམ༔ རྡོ་རྗེ་དམྱལ་བའི་སྡུག་བསྔལ་མྱོང་༔ དེ་བས་དམ་ཚིག་གཉན་པོ་སྲུངས༔ ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་བཅུག་གོ༔ དེ་ནས་སློབ་མ་ལྷར་གསལ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས་གཟུང་བ་དང་འཛིན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདོད་ནས་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་རིག་སྟེ༔ སྟོང་པའི་ངང་ལས་རང་སྣང་འོག་མིན་བདེ་ཆེན་པདྨ་བཀོད་ཀྱི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ་ཡེ་ཤེས་རང་སྣང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་སོགས་གཞུང་བཞིན་ལྷ་བསྐྱེད་སྤྱན་འདྲེན་གྱིས་ཡེ་ཤེས་དབབ་སྟེ༔ ཏིཥྛ་བཛྲས་བརྟན་པར་བྱ༔ དེ་ནས་བུམ་དབང་བསྐུར་བ་ནི༔ དང་པོ་བུམ་པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་བུམ་པ་ལྷའི་གཞལ་ཡས༔ མཚན་ཉིད་བཀོད་པ་རབ་རྫོགས་པའི༔ ནང་དུ་དོན་གྱི་རིག་སྐུ་ཉིད༔ ཆེ་མཆོག་རཀྴ་ཐོད་ཕྲེང་རྩལ༔ ཡང་ཁྲོས་རྡོ་རྗེ་གྲོ་བོ་ལོད༔ སྐུ་ཡི་རང་གདངས་དཔའ་བོ་གིང་༔ ཡེ་ཤེས་རང་རྩལ་མཁའ་འགྲོ་ལྔ༔ ངོ་བོ་ཉིད་སྐུ་པདྨ་རྒྱལ༔ སྣང་སྲིད་ཟིལ་གནོན་རྒྱལ་ཆེན་བཞི༔ བཀའ་སྡོད་ལས་ཀྱི་ཕོ་ཉ་བཞི༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་བཅས༔ མ་ལུས་ལྷུན་གྲུབ་ཆེན་པོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ སྤྲུལ་པའི་སྐུ་ཡི་གོ་འཕང་དང་༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རིགས་ཀྱི་བདག་པོའི་སྐུ་གཏད་ལ༔ ཧཱུྃ༔ ངོ་བོ་ཉིད་སྐུ་པདྨ་འབྱུང་༔ རྒྱལ་བ་རྒྱ་མཚོ་འདུས་པའི་དཔལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ པདྨ་བཛྲ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དྲག་པོ་ཆེན་པོའི་སྐུ་གཏད་ལ༔ ཧཱུྃ༔ འཁོར་འདས་མཉམ་པ་ཉིད་ཀྱི་ངང་༔ རང་གྲོལ་ཆེན་པོར་འཇིགས་མཛད་དཔལ༔ ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མཁའ་འགྲོ་སྡེ་ལྔ་གཏད་ལ༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་རང་རྩལ་ལས༔ རང་བྱུང་མཁའ་འགྲོ་ཆེན་མོ་ལྔས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གིང་ཆེན་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ སྐུ་བཞིའི་རང་མདངས་ཡེ་ཤེས་སྐུ༔ དཔའ་བོ་ཆེན་པོ་གིང་ཆེན་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བཀའ་སྡོད་རྣམ་བཞི་གཏད་ལ༔ ཧཱུྃ༔ ཆོས་ཉིད་ངང་ལས་མ་གཡོས་ཀྱང་༔ བསྟན་འགྲོའི་དོན་དུ་སྐུར་བཞེངས་པ༔ བཀའ་སྡོད་ཆེན་པོ་རྣམ་བཞི་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ནས༔ མངོན་སྤྱོད་ལས་ཀུན་འགྲུབ་པར་ཤོག༔ རྩ་སྔགས་མཐར༔ ཧྲཱིཿཧཱུྃ་མ་མ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྒྱལ་ཆེན་སྡེ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ ངོ་བོ་སྐྱེ་མེད་ཆོས་སྐུ་ལས༔ རང་གདངས་འགྲོ་འདུལ་རྒྱལ་པོར་ཤར༔ ཆོས་སྐྱོང་རྒྱལ་ཆེན་སྡེ་བཞི་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རང་སྣང་དབང་དུ་སྡུད་པ་དང་༔ གཞན་སྣང་ཟིལ་གནོན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ བྷཻ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཕྱོགས་བཅུ་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་ལྷ་ཚོགས་རྣམས་ཀྱི་རྣམ་པར་བྱོན་ནས་སློབ་མ་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་བསྐྱེད་པ་སྐུ་ཡི་དབང་ཐོབ་སྟེ་ལུས་རྡོ་རྗེ་སྐུ་ཡི་རོལ་པར་འཕོས་ཤིང་སྨིན་པར་བསམ༔ དེ་ནས་མེ་ཧོམ་གཏད་ལ༔ ཧཱུྃ༔ དྲག་པོའི་ཞལ་གྱི་ཧོམ་ཁུང་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ མ་རིག་འཁྲུལ་པའི་དགྲ་བགེགས་རྣམས༔ བསྟབ་བསྲེག་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལིང་ག་ཁམས་གསུམ་གྱི་རཱུ་ཏྲར་བསྒོམ་སྟེ་བསྒྲལ་དུ་བཅུག་པ་ནི༔ ཧཱུྃ༔ ཁམས་གསུམ་འཁྲུལ་པའི་རཱུ་ཏྲ་བདུད༔ མ་ལུས་བསད་ཅིང་སྒྲོལ་བའི་དབང་༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ མངོན་སྤྱོད་དྲག་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་མེ་རླུང་མཚོན་ཐུན་རྣམས་གཏད་ལ༔ ཧཱུྃ༔ དྲག་པོའི་སྒྱུ་འཕྲུལ་མེ་རླུང་མཚོན༔ ཐུན་དང་ཁྲོ་ཆུང་ཁྱུང་སྡིག་སོགས༔ མངོན་སྤྱོད་དྲག་པོའི་འཁྲུལ་འཁོར་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ དགྲ་བགེགས་ལོག་འདྲེན་ནད་མུག་མཚོན༔ མ་ལུས་བཟློག་བསྒྱུར་བསད་བསྲེགས་ཀྱི༔ ལས་ཀུན་ཐོགས་མེད་འགྲུབ་པར་ཤོག༔ རྩ་སྔགས་མཐར༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་བྷྱོ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རི་རབ་ཐོགས་ལ༔ ཧཱུྃ༔ དྲག་པོའི་མཐུ་སྟོབས་རི་རབ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ བསད་བཟློག་བྲུབ་མནན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་དབང་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྔགས་ཀྱི་དབང་ནི༔ མཁའ་འགྲོ་སྡེ་ལྔ་ལ་རྩ་བའི་སྔགས་མཐར༔ བྃ་ཧ་རི་ནི་ས་ཧྲཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གིང་ཆེན་སྡེ་བཞི་ལ༔ བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨོཾ༔ བཀའ་སྡོད་རྣམ་བཞི་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཧཱུྃ༔ མ་ཧཱ་ཀཱ་ལ་ཧཱུྃ༔ ཨེ་ཀ་ཛ་ཊཱི་བྷྱོ༔ མ་པྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྒྱལ་པོ་ཆེན་པོ་བཞི་ལ༔ ཨོཾ་བྷཻ་རུ་རཀྵ་བྷེ་རུ་དྷ་ཀ་བྷི་རུ་པཀྵ་བཻ་ཤྲ་མ་ཎ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གསང་དབང་བསྐུར་བ་ནི༔ བྷནྡྷ་བདུད་རྩི་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གསུང་གི་བཅུད་ཆེན་བདུད་རྩི་འཁྱིལ༔ ཨ་ལི་ཀ་ལི་རང་བྱུང་ཤར༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་དང་༔ ཚེ་དབང་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བསྙེན་སྒྲུབ་ལས་སྦྱོར་གྱི་སྔགས་རྣམས་ཐོགས་ལ༔ ཧཱུྃ༔ དབང་དྲག་རྒྱལ་པོ་གྲོ་བོ་ལོད༔ སྒྱུ་འཕྲུལ་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ སྲོག་གི་ཡང་སྙིང་སྔགས་ཕྲེང་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ནས༔ རྩ་རླུང་གནས་སུ་དག་གྱུར་ཏེ༔ རྡོ་རྗེའི་གསུང་དུ་འཕོ་བར་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཧཱུྃ་ཡིག་ལྔ་ཚོམ་ཐོགས་ལ༔ ཧཱུྃ༔ ཧཱུྃ་ནི་འཁོར་འདས་ཡོངས་ཀྱི་སྲོག༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་དབང་ཐོབ་སྟེ༔ བཟླས་པ་ཙམ་གྱིས་འགྲུབ་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ རིན་ཆེན་ཐོད་པའི་ཕྲེང་བ་འདི༔ སྐལ་ལྡན་བུ་ལ་གཏད་པར་བྱ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ནས༔ འགྲོ་བའི་དོན་ཀུན་ཡོངས་འགྲུབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿགསང་བའི་དབང་བསྐུར་ཟབ་མོ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དེ་ནས་ཤེར་དབང་བསྐུར་བ་ལ༔ དང་པོ་རིག་མ་གཏད་པ་ནི༔ ཧཱུྃ༔ འཁོར་འདས་བདེ་ཆེན་ཀློང་རྒྱས་འདེབས༔ ཤེས་རབ་ཆེན་པོའི་མཁའ་དབྱིངས་སུ༔ འཁོར་འདས་མ་བཅོས་ངང་གིས་འདུས༔ འུབ་ཆུབ་རོལ་པའི་བྷ་ག་རུ༔ ཁམས་གསུམ་འཁོར་བའི་རྒྱུ་རྐྱེན་བཅོམ༔ ཀ་དག་བདེ་ཆེན་ཡུམ་ཆེན་མོས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བདེ་སྟོང་ཡེ་ཤེས་ཉམས་མྱོང་ཞིང་༔ ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ ཆོས་སྐུའི་དགོངས་པའི་ཀློང་ཆེན་བརྡོལ༔ ཕྱག་རྒྱའི་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་དམར་གཏད་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཐུགས་གསང་ཧཱུྃ༔ སེམས་ཅན་ཀུན་གྱི་སྲོག་ཀྱང་ཧཱུྃ༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི༔ ཐུགས་ཀྱི་ཡང་སྙིང་འདི་གཏད་པས༔ མ་རིག་གསུམ་གྱིས་བསྡུས་པ་ཡི༔ སེམས་དང་སེམས་བྱུང་བག་ཆགས་དག༔ ཀ་དག་ཆོས་སྐུའི་གདིང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ གཞི་དབྱིངས་སྤྲོས་པ་བྲལ་བའི་ཀློང་༔ གཞི་སྣང་ལྷུན་གྲུབ་དཀྱིལ་འཁོར་ཤར༔ རིགས་ཀུན་སྲོག་གི་འཁོར་ལོ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྟེན་འབྲེལ་འཁྲུལ་པ་ལུགས་འབྱུང་སྲིད༔ ཆོས་ཉིད་ཀློང་ཆེན་ཀུན་བཟང་མོའི༔ བྷ་ག་ཡངས་པར་ལུགས་ལྡོག་སྟེ༔ བྱང་ཆུབ་ཆེན་པོར་རྣམ་གྲོལ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིལ་བུ་གཏད་ལ༔ ཧཱུྃ༔ བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད༔ ཡེ་ཤེས་བདུད་རྩིའི་རིལ་བུ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ སྙིང་པོའི་བཅུད་ལ་ལོངས་སྤྱོད་ཅིང་༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལག་པ་གཡས་སུ་གནམ་ལྕགས་ཀྱི་རྡོ་རྗེ་གཏད་ལ༔ ཧཱུྃ༔ གཞོམ་གཞིག་བྲལ་བ་གཞིའི་རྡོ་རྗེ༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ ཉོན་མོངས་འཁྲུལ་པའི་རཱུ་ཏྲ་ཀུན༔ ཡེ་ཤེས་དབྱིངས་སྒྲོལ་མཐུ་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྕགས་ཕུར་ལག་གཡོན་དུ་གཏད་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་ཕུར་པ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ དུག་གསུམ་སྐུ་གསུམ་ཀློང་སྒྲོལ་ནས༔ མི་འཇིགས་རྡོ་རྗེའི་གདིང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྕགས་སྡིག་གཏད་ལ༔ ཧཱུྃ༔ ཡེ་ཤེས་རང་རྩལ་ལྕགས་སྡིག་གིས༔ གཟུང་འཛིན་རཱུ་ཏྲའི་སྙིང་ཁྲག་འཇོམས༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ སྤྲུལ་པ་སྒྱུ་འཕྲུལ་གར་བསྒྱུར་གྱིས༔ འཁོར་བ་དབྱིངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེས་རབ་ཡེ་ཤེས་དབང་བསྐུར་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དེ་ནས་ཚིག་དབང་ཟབ་མོ་ནི༔ དང་པོ་འཇའ་ཤེལ་གཏད་ལ༔ ཧཱུྃ༔ སྐུ་དང་ཡེ་ཤེས་རང་གཟུགས་ཤར༔ ལྷུན་གྲུབ་འཇའ་ཤེལ་འདི་གཏད་པས༔ རང་བྱུང་ཡེ་ཤེས་ངང་དུ་སད༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ ཀ་དག་ཚིག་གི་དབང་ཆེན་ཐོབ༔ ངོ་བོ་ཉིད་སྐུའི་དགོངས་པར་སད༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས༔ གཞོན་ནུ་བུམ་སྐུར་སངས་རྒྱས་ཤོག༔ རྩ་སྔགས༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿདེ་ནས་ཐིག་ལེ་སྟོང་པའི་སྒྲོན་མེ་གཏད་ལ་བསྲེ་འཕོ་ནི༔ ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་རང་གིས་དམིགས་པ་འདི་ལྟར་དུ་མཛོད་ཅིག༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་དང་༔ ཁྱོད་ཀྱི་ཡེ་གཞིའི་ཀ་དག་གི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་སྤྱི་བོ་ནས་ཞུགས་ཁྱོད་རང་གི་རིག་པ་དང་འདྲེས༔ སེམས་རིག་ཐིག་ལེ་རུ་ཞུ་ནས་གཉིས་སུ་མེད་པའི་ངང་དུ་བསྲེས་ཤིག༔ ཨ་ཨ་ཨ་ཕཊ༔ ཀྱཻ་སྐལ་ལྡན་རིགས་ཀྱི་བུ་ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བ༔ རང་བཞིན་མ་འགགས་ལྷུན་གྲུབ་ཀྱི་གདངས་ཆེན༔ ཐུགས་རྗེ་རང་ཤར་རང་གྲོལ་གྱི་ངང་གནས་ཆེན་པོ༔ འདི་དག་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ངོ་བོ་ཡིན་ནོ༔ འདིའི་ངང་དུ་ཞོག་ཅིག༔ མི་བསྒོམ་པར་རང་བབས་སུ་ཞོག༔ མ་འཁྲུལ་བར་ཞེན་བྲལ་དུ་ལྷོད༔ མ་འཛིན་པར་ཀ་དག་ཏུ་སྐྱོངས༔ མ་ཡེངས་པར་ལྷུན་གྲུབ་ཏུ་ཞོག༔ ཡེ་གྲོལ་ཡིན་ཏེ་ཡང་གྲོལ་མི་གཞུག༔ བརྗོད་བྲལ་ཡིན་ཏེ་མཚོན་དཔེར་མ་འཁྲུལ༔ རིག་པ་ཡིན་ཏེ་མ་རིག་པ་དང་མ་ནོར༔ ངོ་བོ་ངང་བཞག་ངང་གནས་ཡིན་ཏེ་འཁྲུལ་པ་རང་གར་འཆོལ་བ་དང་མ་ནོར་བར་དོན་དམ་མི་ཤིགས་པའི་ངོ་བོར་གདིང་ཐོབ་པར་གྱིས་ཤིག༔ དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་རྣམས་དུས་གཅིག་ཏུ་ཐོབ་པ་ནི་ཆོས་ཉིད་ཀྱི་གནས་ལུགས་མཐོང་བ་ཉིད་དོ༔ འདི་ཁོ་ནའོ༔ ཚིག་དབང་བསྐུར་བ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ དེ་ནས་མཐའ་རྟེན་རྣམ་པ་བཞིའི༔ དང་པོ་གཏོར་མ་གཏད་པ་ནི༔ ཧཱུྃ༔ བརྡལ་ཁྱབ་ཡངས་པའི་སྣོད་མཆོག་ཏུ༔ སྣང་སྲིད་གཞིར་བཞེངས་བ་ལིཾ་ཏ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀུན༔ བསྙེན་སྒྲུབ་བསྒོམ་བཟླས་དབང་ཐོབ་ཤོག༔ རྩ་སྔགས༔ བ་ལིཾ་ཏ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་ཐོགས་ལ༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་དབྱེར་མེད་པའི༔ ངང་དུ་དགེ་ལེགས་དཔལ་ཐོབ་ཕྱིར༔ བཀྲ་ཤིས་རྫས་བརྒྱད་འདི་གཏད་པས༔ བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་༔ གཟུགས་སྐུས་གདུལ་བྱ་འདུལ་བའི་ཕྱིར༔ མཚན་དཔེའི་བཀྲ་ཤིས་རྟགས་བརྒྱད་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ རང་རིག་ཆོས་སྐུའི་རྒྱལ་སྲིད་འདི༔ སྐལ་ལྡན་བུ་ལ་གཏད་པར་བྱ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་གི་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ ཐུགས་རྗེ་ལྡན་པའི་སློབ་དཔོན་གྱིས༔ མོས་གུས་ལྡན་པའི་སློབ་མ་ལ༔ འདི་ནི་ལན་གཅིག་བསྐུར་བ་ཡིས༔ དད་པ་དམ་ཚིག་རྟག་ལྡན་ན༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི༔ སྤྱི་དབང་དམ་པ་ཐོབ་གྱུར་ནས༔ ཡང་དག་ལམ་ལས་ཕྱིར་མི་ལྡོག༔ གསང་སྔགས་དབང་གི་སྒོར་ཞུགས་ན༔ དམ་ཚིག་གཉན་པོ་གནད་དུ་ཆེ༔ དམ་དུ་བསྲུང་ན་སངས་རྒྱས་ཐོབ༔ ཉམས་ན་རྡོ་རྗེའི་དམྱལ་བར་འཚིག༔ དེ་ཕྱིར་འདི་ནི་སྲོག་ཏུ་ཟུངས༔ དམ་ལྡན་གང་ཞིག་ནད་གདོན་ཞི༔ བསམ་པ་འགྲུབ་ཅིང་འཇིགས་དང་བྲལ༔ བསྒྲུབ་པས་དངོས་གྲུབ་མི་རིང་འཐོབ༔ དབང་བསྐུར་ཟབ་མོ་འདི་ཉིད་ནི༔ མ་བརྟག་པ་ལ་བསྐུར་མི་བྱ༔ དཔའ་བོ་མཁའ་འགྲོའི་དམ་རྒྱ་ཡོད༔ བཀའ་སྲུང་ལྷ་མགོན་ཚོགས་བདག་དང་༔ དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱིས་སྲུངས༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ དམ་ལྡན་སྐྱེས་བུའི་བསམ་དོན་སྒྲུབས༔ དམ་ཉམས་ལོག་ལྟའི་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།།།