TTDL-ZABTER-01-KA-067

From Dudjom Wiki
Revision as of 15:45, 2 August 2024 by Mort (talk | contribs)

TTDL-ZABTER-01-KA-067
Wylie title TTDL-ZABTER-01-KA-067.pdf
Location bdud 'joms gling pa zab gter
Volume 1, Text 67, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠༠བརྡ་ཡིག༔ ཚོགས་ཀྱི་བསྐང་བ་འདོད་ཡོན་ཀུན་ཁྱབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རྩ་གསུམ་ཐུགས་དམ་བསྐང་བ་ལ༔ ཚོགས་ཀྱི་ལོངས་སྤྱོད་ཕུད་དུ་བཤམས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཧ་ཧོ་ཧྲཱིཿཡིས་འདོད་རྒུར་སྤེལ༔ དེ་ནས་བསྐང་མཆོད་རིམ་པ་ལ༔ ཧཱུྃ་ཧྲཱིཿཆོས་དབྱིངས་སྤྲོས་པ་བྲལ་བའི་གཞལ་ཡས་ནས༔ ཆོས་སྐུའི་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང་༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་ཞིང་ནས༔ ལོངས་སྐུའི་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང་༔ སྟོང་གསུམ་མི་མཇེད་སྤྲུལ་པའི་ཞིང་ཁམས་ནས༔ སྤྲུལ་སྐུའི་དཀྱིལ་འཁོར་ཡོངས་ཀྱི་ཐུགས་དམ་བསྐང་༔ སྐུ་དང་ཡེ་ཤེས་རབ་རྫོགས་གཞལ་ཡས་ནས༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་༔ མ་དག་སྣང་བ་དག་དབྱིངས་དྭངས་མ་རུ༔ སྦྱོང་མཛད་དམ་པའི་ཆོས་ཀྱི་ཐུགས་དམ་བསྐང་༔ ལུང་དང་རྟོགས་པའི་ཡོན་ཏན་གྱིས་བརྒྱན་པའི༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང་༔ རང་སྣང་དོན་གྱི་འོག་མིན་གཞལ་ཡས་ནས༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང་༔ བདག་ལྟའི་རཱུ་ཏྲ་བསྒྲལ་བའི་དུར་ཁྲོད་ནས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ཐུགས་དམ་བསྐང་༔ གནས་མཆོག་ཉེར་བཞི་ཡུལ་ཆེན་སོ་གཉིས་དང་༔ ཧེ་རུའི་གནས་བཅུ་དུར་ཁྲོད་གནས་བརྒྱད་ན༔ བཞུགས་པའི་དཔའ་བོ་དང་ནི་རྣལ་འབྱོར་མ༔ ཆོས་སྐྱོང་ཞིང་སྐྱོང་རྒྱ་མཚོའི་ཐུགས་དམ་བསྐང་༔ ཡེ་ཤེས་དབྱིངས་དང་དབྱིངས་སུ་བཞུགས་པ་ཡི༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛཿསྤྲུལ་པ་ཡང་སྤྲུལ་བཅས་པའི་ཐུགས་དམ་བསྐང་༔ དཔལ་ལྡན་སྔགས་ཀྱི་བདག་མོ་རེ་མ་ཏཱི༔ སྲིད་པ་མ་མོའི་ཚོགས་ཀྱི་ཐུགས་དམ་བསྐང་༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དྲེགས་པ་ཅན༔ ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐང་༔ སྣང་སྲིད་ཁམས་ལ་དབང་མཛད་ཆོ་འཕྲུལ་བདག༔ སྟོང་གསུམ་ཡུལ་ལྷ་གཞི་བདག་ཐུགས་དམ་བསྐང་༔ ཚེ་རབས་ལས་དང་ད་ལྟ་སྐྱོབ་པའི་ལྷ༔ བསྒྲུབ་དང་རང་འཁོར་སྲུང་མའི་ཐུགས་དམ་བསྐང་༔ འགྲོ་བ་རིགས་དྲུག་སྣང་སྲིད་ལྷ་འདྲེ་དང་༔ ལན་ཆགས་བདག་པོ་བདག་མོའི་ཐུགས་དམ་བསྐང་༔ ཀུན་ཀྱང་ཞལ་ཟས་རོ་བརྒྱའི་ཚོགས་ལ་རོལ༔ ཟག་མེད་བདེ་སྟོང་བདུད་རྩིའི་ཚོགས་ལ་རོལ༔ ཤ་ཁྲག་དམར་གྱིས་བརྒྱན་པའི་ཚོགས་ལ་རོལ༔ དཀར་གསུམ་མངར་གསུམ་བདུད་རྩིའི་ཚོགས་ལ་རོལ༔ ཡིད་བཞིན་འདོད་པ་འཇོ་བའི་ཚོགས་མཆོད་འདིས༔ འཁོར་འདས་ཡོངས་ཀྱི་དགྱེས་པ་བསྐང་གྱུར་ཅིག༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་དམ་ཅན་རྣམས༔ དམ་རྫས་བདུད་རྩིའི་ཚོགས་མཆོད་འདི་བཞེས་ལ༔ སྒྲུབ་ལ་བར་དུ་གཅོད་པའི་དགྲ་འདྲེ་དང་༔ སྔོན་ལས་འཕྲལ་རྐྱེན་ལས་བྱུང་གནོད་བྱེད་ཀུན༔ མ་ལུས་ཐལ་བའི་རྡུལ་བཞིན་བརླག་པར་མཛོད༔ གང་བསམ་འདོད་དོན་འབད་མེད་ལྷུན་གྲུབ་ཅིང་༔ ཚེ་སྒྲུབ་མཐར་ཕྱིན་ཡང་དག་ས་རུ་སྐྱོལ༔ བཀའ་དང་དམ་ཚིག་གཉན་ལ་མ་འདའ་བར༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཅེས་གཙང་ཕུད་ཕྱི་རོལ་དུ་དོར༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཡང་བདུད་འཇོམས་རྡོ་རྗེས་ནམ་མཁའ་མཛོད་ལས་བསྒྱུར་བའོ།།