TTDL-ZABTER-02-KHA-040

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-02-KHA-040
Wylie title TTDL-ZABTER-02-KHA-040.pdf
Location bdud 'joms gling pa zab gter
Volume 2, Text 40, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༢༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་གི་སྐོར་ལས༔ དབང་ཆོག་གསང་ཆེན་བཅུད་དྲིལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༢༡མ་འོངས་ལྔ་བརྒྱ་སྙིགས་མའི་དུས༔ སྐྱེ་འགྲོའི་ཤེས་རྒྱུད་བདུད་ཀྱིས་བརླབ༔ དགེ་བྱེད་སྨད་ཅིང་བསླུ་མཁན་བཀུར༔ དེ་དུས་ལས་ངན་རྣམ་སྨིན་གྱིས༔ སྐྱེ་འགྲོའི་ཚེ་ཐུང་བསོད་ནམས་དབུལ༔ བསྒྲུབ་ལ་ལོང་མེད་བར་ཆད་མང་༔ དེ་ཚེ་པདྨའི་བརྒྱུད་འཛིན་རྣམས༔ མི་ལུས་རིན་ཆེན་ལ་བརྟེན་ནས༔ ཐར་བའི་གྲོང་དུ་འཇུག་པ་ལ༔ བར་ཆད་གེགས་སྐྱོན་མི་འབྱུང་ཞིང་༔ ཚེ་སྒྲུབ་མཐའ་རུ་ཕྱིན་པའི་ཕྱིར༔ དང་པོ་དབང་གི་སྒོར་ཞུགས་ནས༔ སྒྲུབ་པ་ཟབ་མོ་ལྷུར་ལེན་ཕྱིར༔ སློབ་མ་གྲལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་རྡོ་རྗེའི་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་བྱང་སེམས་བསྐྱེད༔ དེ་ནས་གསོལ་བ་གདབ་པ་ནི༔ ཀྱཻ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསང་ཆེན་འདུས་པའི་བདག་ཉིད་དཔལ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ འཆི་མེད་མགོན་པོའི་གོ་འཕང་མཆོག༔ ཚེ་ཡི་དབང་དང་དངོས་གྲུབ་སྩོལ༔ དེ་ནས་བླ་མས༔ ཀྱཻ་ཧོ་སྐལ་ལྡན་བུ་ཁྱོད་ཉོན༔ མི་ལུས་ཐོབ་པ་གྲངས་མང་ཡང་༔ དལ་འབྱོར་དོན་ལྡན་ཤིན་ཏུ་དཀོན༔ དེ་དོན་དྲན་ནས་སྲིད་པ་ལས༔ ལྡོག་ནས་ཐར་བ་དོན་གཉེར་ན༔ ཚེ་དབང་ཟབ་མོ་བསྐུར་བར་བགྱི༔ དེ་ནས་སློབ་མས༔ ཀྱཻ༔ ལྷ་དང་བླ་མ་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ ལྷ་དང་བླ་མར་རྟེན་བཅའོ༔ ལུས་དང་ལོངས་སྤྱོད་འབུལ་གྱིས་བཞེས༔ དེ་ནས་དམ་ཆུ་ལྕེ་ལ་བཞག་སྟེ༔ ཧཱུྃ༔ གསང་ཆེན་བཅུད་དྲིལ་རྡོ་རྗེའི་ཆུ༔ སློབ་མ་ཁྱོད་ཀྱི་ལྕེ་ལ་བཞག༔ ཚེ་རབས་སྐྱེ་བ་ཐམས་ཅད་དུ༔ འཁོར་བར་མི་ལྡོག་དམ་བཅའ་ཟུངས༔ ས་མ་ཡ༔ དེ་ནས་སློབ་མ་ལྷར་བསྐྱེད་ཡེ་ཤེས་དབབ༔ མིག་དར་བསལ་ནས་མེ་ཏོག་འཐོར༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་ཆོས་སྐུ་སྟོང་གསལ་དབྱིངས༔ ལྷུན་གྲུབ་ལོངས་སྐུའི་ཚོམ་བུར་གསལ༔ རྩལ་སྣང་མ་ངེས་སྒྱུ་འཕྲུལ་འཆར༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལྷའི༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཚེ་དཔག་མེད་པའི་སྐུ་གཏད་ལཧཱུྃ་ཧྲཱིཿདུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ རིགས་འདུས་བདག་ཉིད་ཚེ་མཐའ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དཀྱིལ་འཁོར་གཏད་ལ༔ ཧཱུྃ་ཧྲཱིཿརང་སྣང་ལྷུན་གྲུབ་བདེ་བ་ཅན༔ བཀོད་པ་རབ་རྫོགས་དཀྱིལ་འཁོར་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ་ཧྲཱིཿརྒྱལ་བ་ཚེ་དཔག་མེད་མགོན་གྱི༔ གསུང་གི་གསང་ཆེན་རྫོགས་པ་ཡི༔ འཆི་མེད་བདུད་རྩི་ར་ས་ཡ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་བ་གསུང་གི་དབང་ཐོབ་ནས༔ ཚེ་ཡི་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྔགས་འཁོར་གཏད་ལ༔ ཧཱུྃ་ཧྲཱི༔ སྙིང་པོ་བཅུད་དྲིལ་རྩ་བའི་སྔགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ནས༔ འཆི་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རིལ་བུ་ཐོགས་ལ༔ ཧཱུྃ་ཧྲཱིཿའཆི་མེད་མགོན་པོའི་ཐུགས་གསང་བཅུད༔ ཡོངས་རྫོགས་དམ་རྫས་ཚེའི་རིལ་བུ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ འཆི་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ལོང་གཏད་ལ༔ ཧཱུྃ་ཧྲཱི༔ ཁྱབ་བརྡལ་ལྷུན་འབྱམས་ཆོས་དབྱིངས་ཉིད༔ ཀུན་ནས་ཟླུམ་པ་ཐིག་ལེའི་གདངས༔ ཀ་དག་མེ་ལོང་གསལ་བ་འདི༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྒོམ་པ་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འཇའ་ཤེལ་གཏད་ལ༔ ཧཱུྃ༔ ལྷུན་གྲུབ་བདེ་ཆེན་ཡོངས་རྫོགས་ཀློང་༔ དྲི་མེད་འཇའ་ཤེལ་འདི་གཏད་པས༔ རྡོ་རྗེ་ཚིག་གི་དབང་ཐོབ་ནས༔ འཆི་མེད་རྡོ་རྗེའི་སྲོག་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧྲཱི༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ སྒྲུབ་པའི་དལ་རྫོགས་གཏོར་མ་འདི༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ འཆི་མེད་མགོན་པོའི་དཀྱིལ་འཁོར་ལྷ༔ བསྒྲུབ་པའི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཨཱཿདེ་ནས་མཐའ་བརྟེན་གཏད་ལ་བཀྲ་ཤིས་བརྗོད༔ དབང་འདི་ཐོབ་ནས་ཉམས་ལེན་ན༔ ཚེ་ཟད་པ་ཡང་ཕྱིར་ནུར་ཏེ༔ བར་ཆད་གཡུལ་ལས་རྣམ་པར་རྒྱལ༔ ཐེ་ཚོམ་མེད་དོ་རྡོ་རྗེའི་ཚིག༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་གྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་དབང་ཆེན་གསུང་གི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།