TTDL-ZABTER-02-KHA-015

From Dudjom Wiki
Revision as of 16:05, 5 August 2024 by Mort (talk | contribs)

TTDL-ZABTER-02-KHA-015
Wylie title TTDL-ZABTER-02-KHA-015.pdf
Location bdud 'joms gling pa zab gter
Volume 2, Text 15, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms rtsa gsum spyir gces
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ སྲེག་བླུགས་དངོས་གྲུབ་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) སྲེག་བླུགས་དངོས་གྲུབ་ཆར་འབེབས་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ སྤྲོ་ན་ཞི་རྒྱས་དབང་དྲག་གི༔ བཟོ་ཐབ་རྩིག་ཐབ་གང་རུང་བྱ༔ དེ་ལྟར་སྤྲོས་པར་མི་དགའ་ན༔ མེ་འབུད་ཙམ་གྱིས་ཆོག་པ་ལ༔ ཤིང་ནི་ལས་དང་མཐུན་པ་ཡི༔ བུད་ཤིང་བྱས་ནས་ཐབ་ཁུང་དུ༔ ཡི་དམ་གང་རུང་བསྐྱེད་ཆོག་གི༔ ལྷར་གསལ་སྤྱན་འདྲེན་བཞུགས་གསོལ་རྗེས༔ བྱོན་སྐྱེམས་༔ ལན་བདུན་ཕུལ༔ དེ་ནས་ཕྱག་འཚལ་མཆོད་འབུལ་རྗེས༔ འབྲུ་སྣ་ཟས་སྣ་གང་འབྱོར་བསགས༔ རྩ་སྔགས་ཤམ་དུ་འདི་བརྗོད་བྱ༔ ཞི་བ་ལ༔ ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྒྱས་པ་ལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་ལ༔ ཁམས་གསུམ་སྲིད་གསུམ་མོས་པ་རྣམ་བཞི་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དྲག་པོ་ལ༔ གནོད་བྱེད་དགྲ་བགེགས་དུག་ལྔ་དུག་གསུམ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཕཊ༔ དམིགས་པ་ཡང་ཞི་བ་ལ༔ ལྷ་མཉེས་པས་ཐུགས་བརྩེ་བར་དགོངས་ཏེ་ཐུགས་ཀའི་འོད་ཟེར་གྱིས་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ༔ རྒྱས་པ་ལ་དེ་བཞིན་དུ༔ འོད་ཕུང་སེར་པོ་འཕྲོས་པས་འཁོར་འདས་གཉིས་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་འོད་ཕུང་གི་རྣམ་པས་རང་ལ་ཐིམ་པས་རྒྱས་པའི་ཕྲིན་ལས་ཡོངས་སུ་གྲུབ་པར་བསམ༔ དབང་ལ༔ ལྷའི་ཐུགས་ཀའི་འོད་ཕུང་དམར་པོ་འཕྲོས་པས་ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་བདག་གི་དབང་དུ་བསྡུས་ཤིང་བྲན་འབངས་སུ་འཁོལ་བར་བསམ༔ དྲག་པོ་ལ༔ དགྲ་བགེགས་གང་ལ་དམིགས་པ་དེ་རྫས་དང་མཉམ་དུ་མགོ་མཇུག་ལོག་སྟེ་ལྷའི་ཞལ་དུ་རུབ་རུབ་ཏུ་སོང་བས་དྲག་པོའི་ཕྲིན་ལས་ཡོངས་སུ་གྲུབ་པར་བསམ༔ བར་སྐབས་སུ་ཡང་ལས་རང་རང་གི་ཕྲིན་བཅོལ་བྱ༔ མཐར་ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་མ་སྦྱོར་སྒྲོལ་གྱི་མཆོད་པ་སོགས་ཕུལ༔ དེ་ལྟར་མི་ལྡན་ཡང་རྫས་ཀྱི་ལྷག་མ་ཕུལ་ནས་སྔགས་དང་དམིགས་པས་ཀྱང་ཆོག༔ མཐར་བསྟོད་པ་བྱས་ཏེ་ནོངས་པ་བཤགས༔ གཤེགས་སྐྱེམས་ལ་རྩ་སྔགས་མཐར༔ ཨ་མྲྀ་ཏ་ཁཱ་ཧི༔ ས་ལན་བདུན་ཕུལ༔ དངོས་གྲུབ་བླངས་ཏེ༔ ཡེ་ཤེས་པ་དབྱིངས་སུ་གཤེགས༔ ཞི་རྒྱས་དབང་གསུམ་ལ༔ དམ་ཚིག་པ་རང་ལ་བསྡུ༔ དྲག་པོ་ལ༔ མེ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ༔ བསྔོ་སྨོན་བྱའོ༔ དེ་ལྟར་སྲེག་བླུགས་འདི་ཉིད་ནི༔ བསྙེན་པ་ཚད་དུ་ཐེམས་པ་དང་༔ སྒྲུབ་པའི་དྲོད་རྟགས་བྱུང་བའི་རྗེས༔ འབུམ་ཕྲག་རེ་རེའི་གྲངས་བསགས་ན༔ ཕྲིན་ལས་འགྲུབ་པའི་གནད་དུ་ཆེ༔ ལྷ་དང་སྲུང་མ་གང་བསྒྲུབ་ཀྱང་༔ ལས་ལ་སྦྱོར་བ་འདི་མེད་ན༔ ཕྲིན་ལས་འགྲུབ་པར་འགྱུར་མ་ཡིན༔ དེ་ཕྱིར་འདི་ལ་དོན་གསུམ་ཏེ༔ ལྷག་ཆད་ཁ་སྐོང་དོན་ཆེད་དང་༔ ཚོགས་དང་བསོད་ནམས་བསགས་པའི་དོན༔ ཡིད་ཀྱི་འདོད་དོན་འགྲུབ་པའི་དོན༔ གནད་དུ་ཟུངས་ཤིག་སྐལ་ལྡན་རྣམས༔ འདི་བཞིན་རྟག་ཏུ་བརྩོན་གྱུར་ན༔ རྣལ་འབྱོར་ཚོགས་གཉིས་རྫོགས་པ་དང་༔ འདི་ཕྱིར་དགེ་ལེགས་ཡོན་ཏན་ཀུན༔ འགྲུབ་དང་འབྱུང་བར་གདོན་མི་ཟ༔ ཡི་དམ་ལྷ་དང་བཀའ་སྲུང་རིགས༔ གང་ལ་སྦྱར་ཀྱང་ཆོག་པ་ཡིན༔ གནོད་སྦྱིན་ཨ་པར་དཀར་པོས་སྲུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གཉིས་བར་དུ་གཞན་ལ་བཀའ་རྒྱ་བྱས་ཏེ་རང་གིས་ཡང་ཡང་ཉམས་སུ་བླངས་མཐར་རྟེན་འབྲེལ་དུས་ལ་བབས་པ་ན་ཆོས་ཀྱི་བདག་པོ་ཀུན་བཟང་ཆོས་གྲགས་དང་།དགེ་ལེགས་དཔལ་བཟང་གཉིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་བ་ནི་ཀུན་བཟང་ཆོས་གྲགས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།