TTDL-ZABTER-03-GA-054

From Dudjom Wiki
Revision as of 11:07, 7 August 2024 by Mort (talk | contribs)

TTDL-ZABTER-03-GA-054
Wylie title TTDL-ZABTER-03-GA-054.pdf
Location bdud 'joms gling pa zab gter
Volume 3, Text 54, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phyag rdor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity phyag na rdo rje
[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་རྡོ་རྗེ་གཏུམ་པོའི་ལས་བྱང་ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་བཞུགས་སོ༔ ༠༠༠༠བརྡ་ཡིག༥༢༠རྗེ་དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་ཆེ༔ པདྨ་འབྱུང་གནས་དབང་དྲག་རྒྱལ༔ སྙིང་དབུས་གེ་སར་གདན་ལ་རོལ༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ བརྒྱུད་འཛིན་རྗེས་སུ་བཟུང་དུ་གསོལ༔ ལྔ་བརྒྱའི་སྙིགས་མ་བདོ་བའི་དུས༔ འགྲོ་བ་རྗེས་སུ་བཟུང་བའི་ཕྱིར༔ ཨོ་རྒྱན་པདྨ་ཐོད་ཕྲེང་ངས༔ ཡང་གསང་སྙིང་པོའི་བཅུད་དྲིལ་ཏེ༔ རིན་ཆེན་བྲག་ལ་གཏེར་དུ་སྦས༔ འདི་ཡི་གདུལ་བྱའི་དུས་ཚིགས་ནི༔ སྙིགས་མའི་བདུད་སྲི་ཁ་དར་ནས༔ སྐྱེ་བོས་མནའ་ཟ་རྐུན་ཇག་ལས༔ སྡིག་དང་ལྕི་ཟས་མཆོག་འཛིན་བྱེད༔ དགེ་བཙུན་ཆོས་འཁོར་དུག་ཏུ་སྤྲོད༔ མཚོན་ཆ་དྲག་པོས་ཡོ་ལང་འགྱེད༔ དམ་སྡོམ་འདུལ་ཁྲིམས་སད་ཀྱིས་ཁྱེར༔ མཆེད་ལྕམ་ནང་གསོད་ཤན་པའི་གྲལ༔ སྐྱབས་སུ་འཛིན་པའི་དུས་ཚིག་མཆི༔ དེ་དུས་སེ་ཕུང་སྨོན་ལོག་ནས༔ སྡིག་རྒྱལ་སྐད་ཆེ་བོང་ཐུང་ལུས༔ ཕྲག་གཡས་སྡོམ་གཟུགས་རིས་དམར་བཀྲ༔ ཕྲག་གཡོན་སྦྲུལ་གཟུགས་རིས་ནག་ཤར༔ སྙིང་གར་བདུད་སྨེ་ཁམ་པ་ཡོད༔ དེ་ལ་བདུད་ཀྱི་སྡོང་ཟླ་བྱེད༔ མདོ་ཁམས་ཐམས་ཅད་ཁྲག་ཏུ་བསྐྱིལ༔ བོད་འདིར་སྨོན་ལམ་ལོག་འབྲས་ཀྱིས༔ ས་དབང་བྱང་སེམས་ཀུན་ཀྱང་ཕབ༔ བདུད་སྤྲུལ་ནག་སྤྱོད་ཁྲི་རུ་མཆོད༔ དེས་སྐྱོན་མ་མོ་དམ་ཅན་འཁྲུགས༔ དཀར་ཕྱོགས་ལྷ་སྲིན་དག་ཀྱང་འཁྲུགས༔ ནད་མུག་མཚོན་གྱི་འཚུབས་མ་སློང༔ བན་སྔགས་མཐུ་ནུས་སྡིག་པས་བཅོམ༔ ལྷ་དང་སྲུང་མར་ཡི་ཆད་བྱེད༔ ལས་ངན་བསགས་པའི་བསྐལ་ངན་ཤར༔ དེ་མི་མཐོང་ཞིང་དུས་ངན་ཟེར༔ ཆོས་བཞིན་སྤྱོད་པ་ཉམས་དམའ་ནས༔ སྡིག་སྤྱོད་ཟོག་པོ་གཙུག་ཏུ་མཆོད༔ མདོ་སྔགས་བསྟན་པའི་བཅུད་ཉམས་པས༔ གྲུབ་པ་ཐོབ་པ་ཉིན་སྐར་ཙམ༔ དེ་འདྲའི་དུས་ངན་ཤར་བའི་ཚེ༔ ཆོས་འདིའི་གདུལ་བྱའི་དུས་ཚིགས་སོ༔ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ཉིད༔ པདྨ་བདག་དང་གཉིས་མེད་སྐུ༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ༔ སྦལ་ཚུལ་སྒྱུ་མའི་རྣལ་འབྱོར་འབྱུང་༔ དེ་ཡིས་ཆོས་འདི་སྟོན་པ་དང་༔ སྤེལ་ཚེ་བདུད་སྟོབས་འཇོམས་འགྱུར་རོ༔ བཀའ་སྲུང་དཔལ་མགོན་ནག་པོ་ཡིས༔ སྲུངས་ཤིག་བཛྲ་ས་མ་ཡ༔ དེ་ནས་ལག་ལེན་རིམ་པ་ནི༔ དང་པོ་སྒྲུབ་གནས་དབེན་པའི་སར༔ དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དུ༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་བྲི༔ ཚོམ་བུ་སྒྲུབ་གཏོར་མཆོད་རྫས་སོགས༔ མཛེས་ཤིང་ཡིད་འོང་རྒྱན་ལྡན་བཤམས༔ དཀར་ཕྱོགས་སྐྱོང་ལ་གཏོར་མ་ཕུལ༔ ནག་ཕྱོགས་བགེགས་ལ་གླུད་འཇལ་ཞིང་༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ མཐུ་སྟོབས་མངའ་བདག་རྡོ་རྗེ་ཅན༔ ཡིད་ལ་དྲན་པས་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ནི༔ ཀྱེ༔ སྡུག་བསྔལ་གསུམ་གྱི་ཁྲི་མུན་དུ༔ འཆིང་བའི་སྐྱེ་འགྲོ་སེམས་ཅན་ཀུན༔ བདག་གིས་གཏན་བདེའི་རྒྱས་འདེབས་ཕྱིར༔ རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་འཇུག༔ དེ་ནས་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་ཕྱག་ན་རྡོ་རྗེའི་སྐུ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ལན་ཆགས་གཏོར་མ་འདི་ལོངས་ལ༔ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས༔ བཀའ་འདས་ལུས་སེམས་ཐལ་བར་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ རྩ་སྔགས་ཧཱུྃ་བཞིའི་སྔགས་ཀྱིས་ཐུན་བྲབ་བོ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་གསང་བདག་གཏུམ་པོའི་སྐུ༔ ཐུགས་ལས་སྤྲུལ་པའི་འོད་ཟེར་གྱིས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་འཁོར་ལོ་མེ་རླུང་ཆུ༔ ཁྲོ་ཆུང་ཁྱུང་སྡིག་འབར་བས་བསྲུང་༔ སྣང་སྲིད་དྲག་པོའི་དཀྱིལ་འཁོར་རྫོགས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་རཾ་ཡཾ་ཁཾ༔ སརྦ་རཀྵ་རཀྵ་བྷྲུྃ་སྭཱ་ཧཱ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་ཆོས༔ སྤྲུལ་སྐུ་འགྲོ་དོན་རྫོགས་མཛད་གསང་བའི་བདག༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ དབང་བྱིན་དངོས་གྲུབ་མ་ལུས་འདིར་ཕོབ་ཅིག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ སརྦ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ས་མ་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཐམས་ཅད་སྟོང་པའི་ངང་༔ དག་པ་ཡེ་ཤེས་རོལ་པའི་རྩལ༔ རྒྱལ་བ་རྒྱ་མཚོ་མཉེས་བྱེད་པའི༔ འདོད་ཡོན་མཆོད་པའི་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་པཱུ་ཛ་གྷ་ཎ་ཙཀྲ་ཧཱུྃ༔ དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི༔ ཨཱཿགཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་རྣམས་ཡེ་སྟོང་ཆེན་པོའི་མཁའ༔ ཁམས་གསུམ་མ་ལུས་ཡོངས་ཁྱབ་ཀྱི༔ འུབ་ཆུབ་རོལ་པའི་སྙིང་རྗེ་བརྡལ༔ ཧཱུྃ་ལས་འོད་འཕྲོས་སྣང་སྲིད་ཁམས༔ དག་པ་ཡེ་ཤེས་རོལ་པར་འཕོས༔ ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་ཀྱི༔ རོལ་པ་ཆེན་པོའི་གཞལ་ཡས་སུ༔ པདྨ་ཉི་ཟླ་གཟའ་བརྒྱད་དང་༔ ཀླུ་བརྒྱད་བསྣོལ་བའི་གདན་སྟེང་དུ༔ ཧཱུྃ་ལས་རང་ཉིད་གསང་བའི་བདག༔ གཏུམ་དྲག་ནག་པོ་རྔམས་བརྗིད་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་གསོར༔ གཡོན་པས་དུག་སྦྲུལ་རིགས་ལྔ་བཅང་༔ སྡིགས་མཛུབ་རྩེ་ནས་བྱ་ཁྱུང་དང་༔ མེ་དུག་མཚོན་ཐུན་ཚྭ་ཚྭ་འཕྲོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ཞགས་འཕྲོ༔ དབུ་སྐྲ་དམར་སེར་གྱེན་དུ་འབར༔ སྤྱན་གསུམ་དམར་ཟླུམ་མཁའ་ལ་གཟིགས༔ ཐོད་སྐམ་དབུ་རྒྱན་ཅོད་པན་མཐིང་༔ སྙན་ཆ་རིན་ཆེན་ནོར་བུའི་མིག༔ གླང་ཆེན་ཀོ་རློན་གཡང་གཞི་དང་༔ སྟག་ཤམ་སྦྲུལ་ཆུན་ཐོད་ཕྲེང་བརྒྱན༔ ཐལ་ཆེན་ཚོམ་བུ་ཁྲག་ཐིག་དང་༔ ཞག་གི་ཟོ་རིས་རབ་ཏུ་བརྒྱན༔ ཡེ་ཤེས་མེ་དཔུང་ཀློང་དུ་འགྱིང་༔ སྤྱི་བོར་བྱ་ཁྱུང་ནག་པོ་ལྡིང་༔ བདེ་ཆེན་འཁོར་ལོའི་ཙཀྲའི་དབུས༔ སངས་རྒྱས་དྲག་པོ་དཀར་གསལ་འབར༔ ཕྱག་གཉིས་འཁོར་ལོ་ཕག་ནག་འཛིན༔ ལོངས་སྤྱོད་འཁོར་ལོར་པདྨའི་སྟེང་༔ པདྨ་ཀྲོ་དྷ་དམར་ནག་འབར༔ ཕྱག་གཉིས་རལ་གྲི་ཁྱུང་ཆེན་བསྣམས༔ ཆོས་ཀྱི་འཁོར་ལོ་རྡོ་རྗེའི་སྦུབས༔ རྡོ་རྗེ་ཀྲོ་དྷ་མཐིང་ནག་སྐུ༔ ཕྱག་གཉིས་རྡོ་རྗེ་སྦྲུལ་ཞགས་བསྣམས༔ སྤྲུལ་པའི་འཁོར་ལོ་དགའ་འཁྱིལ་དུ༔ རཏྣ་ཀྲོ་དྷ་སེར་ནག་བརྗིད༔ ཕྱག་གཉིས་རིན་ཆེན་སེང་གེ་བསྣམས༔ བདེ་སྐྱོང་འཁོར་ལོ་རྒྱ་གྲམ་སྟེང་༔ ཀརྨ་ཀྲོ་དྷ་ལྗང་ནག་འཇིགས༔ ཕྱག་གཉིས་རྒྱ་གྲམ་ལྕགས་སྡིག་བསྣམས༔ ཀུན་ཀྱང་ཞབས་གཉིས་འདོར་སྟབས་བགྲད༔ སྤྱི་བོར་རང་མདོག་བྱ་ཁྱུང་ལྡིང་༔ དུག་ལྔ་ཡོངས་སྒྲོལ་དཔལ་དུ་ཤར༔ ལུས་ནང་ཁྱུང་སྡིག་ཁྲོ་བོས་ཁེངས༔ བུ་ག་དགུ་ནས་སེང་ཁྱུང་སྡིག༔ མེ་དང་བཙན་དུག་ངད་རླངས་འཕྱོ༔ ནད་རིམས་གདོན་བཅས་བརླག་པར་བསྒོམ༔ ཕྱོགས་བཅུར་གཉིས་མེད་སྤྲུལ་པའི་འཁོར༔ སྟེང་ཕྱོགས་ཁྲོ་ཆེན་ཧཱུྃ་ཀཱ་ར༔ སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གཡས་ལ་སྡིགས་འཛུབ་གཡོན༔ སྟེང་གདོན་མ་ལུས་ཟིལ་གནོན་བྱེད༔ ཤར་དུ་རྣམ་པར་རྒྱལ་བ་དཀར༔ ཐོ་བ་གཡས་ལ་སྡིགས་མཛུབ་གཡོན༔ དྲི་ཟ་མ་ལུས་ཟིལ་གནོན་བྱེད༔ ཤར་ལྷོར་དབྱུག་པ་སྔོན་པོ་ནི༔ གཡས་པས་དབྱུག་ཏོ་གཡོན་སྡིགས་མཛུབ༔ མེ་ལྷ་མ་ལུས་ཟིལ་གནོན་བྱེད༔ ལྷོ་ཕྱོགས་གཤིན་རྗེ་གཤེད་སེར་ནག༔ བེ་ཅོན་གཡས་ལ་ཞགས་པ་གཡོན༔ གཤིན་རྗེ་མ་ལུས་ཟིལ་གནོན་བྱེད༔ ལྷོ་ནུབ་མི་གཡོ་མགོན་པོ་ལྗང་༔ རལ་གྲི་གཡས་ལ་སྡིགས་མཛུབ་གཡོན༔ སྲིན་པོའི་གདོན་ཚོགས་ཟིལ་གནོན་བྱེད༔ ནུབ་ཕྱོགས་རྟ་མགྲིན་དམར་ནག་འབར༔ ཕྱག་གཉིས་སྤུ་གྲི་སྡིགས་མཛུབ་མཛད༔ ཀླུ་གཉན་མ་ལུས་ཟིལ་གནོན་བྱེད༔ ནུབ་བྱང་འདོད་པའི་རྒྱལ་པོ་མཐིང་༔ ཕྱག་གཉིས་རྔ་ཡབ་སྡིགས་མཛུབ་མཛད༔ རླུང་ལྷ་མ་ལུས་ཟིལ་གནོན་བྱེད༔ བྱང་ཕྱོགས་བདུད་རྩི་འཁྱིལ་ལ་ལྗང་༔ རྒྱ་གྲམ་གཡས་ལ་སྡིགས་མཛུབ་གཡོན༔ གནོད་སྦྱིན་མ་ལུས་ཟིལ་གནོན་བྱེད༔ བྱང་ཤར་ཁམས་གསུམ་རྣམ་རྒྱལ་སེར༔ ཕྱག་གཡས་མདའ་འགེངས་གཡོན་སྡིགས་མཛུབ༔ དབང་ལྡན་མ་ལུས་ཟིལ་གནོན་བྱེད༔ འོག་ཕྱོགས་སྟོབས་ཆེན་ནག་པོ་ཡི༔ གཡས་པས་རལ་གྲི་གཡོན་ཐོད་ཁྲག༔ འོག་གདོན་མ་ལུས་ཟིལ་གནོན་བྱེད༔ ཀུན་ཀྱང་མེ་དཔུང་དམར་ནག་ཀློང་༔ ཕྱོགས་སྐྱོང་ཕོ་མོ་བསྣོལ་བའི་སྟེང་༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་རྫོགས༔ གར་དགུའི་ཉམས་དང་ལྡན་པར་བསྐྱེད༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེ་དང་༔ ཁྱད་པར་གཟའ་ཀླུའི་གཤེད་དུ་བསྒོམ༔ ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ༔ དཀར་མོ་ལྕགས་ཀྱུ་སྦྲུལ་ཆུན་བཅིངས༔ ལྷོ་སྒོར་རིན་ཆེན་ཕག་གདོང་མ༔ སེར་མོ་ཞགས་པ་སེང་གེ་བསྣམས༔ ནུབ་སྒོར་པདྨ་ལྕགས་སྒྲོག་མ༔ དམར་མོ་ལྕགས་སྒྲོག་རྨ་བྱ་བསྣམས༔ བྱང་སྒོར་ཀརྨ་དྲིལ་བུ་མ༔ ལྗང་མོ་དྲིལ་བུ་ལྕགས་སྡིག་བསྣམས༔ ཕྲིན་ལས་བཞི་ལ་མངའ་དབང་བསྒྱུར༔ བར་ཆད་མ་ལུས་སེལ་བར་བསྒོམ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་ལས་འོད་ཟེར་ནི༔ དཀར་དམར་མཐིང་ནག་རབ་འཕྲོས་པས༔ འོག་མིན་བདེ་ཆེན་ལྕང་ལོ་ཅན༔ ཁྱད་པར་རང་སྣང་རྣམ་དག་ཀློང་༔ དཔལ་ཆེན་ཕྱག་ན་རྡོ་རྗེ་དང་༔ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་ལྷ༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལྷའི༔ རྣམ་པར་སྤྱན་དྲངས་དབྱེར་མེད་དུ༔ ངོ་བོ་རང་བཞིན་ཐུགས་རྗེའི་རྩལ༔ གཉིས་མེད་ཆེན་པོར་ཆམ་གཅིག་རོལ༔ ཨོཾ་བཛྲ་པཱ་ཎི་སརྦ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿལན་གསུམ་བརྗོད་དེ་སྤྱན་དྲངས་པ་ནི༔ སྤོས་བསྲེག་རོལ་མོ་སྣ་ཚོགས་བསྒྲགས་ཏེ་གདུང་བའི་དབྱངས་ཀྱིས༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རྡོ་རྗེ་འཆང་ཆེན་གཤེགས་སུ་གསོལ༔ བདེ་ཆེན་དག་པ་མཁའ་སྤྱོད་ནས༔ རིག་འཛིན་རྒྱལ་པོ་གཤེགས་སུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ༔ རང་སྣང་དོན་གྱི་འོག་མིན་ནས༔ ཁྱབ་བདག་མགོན་པོ་གཤེགས༴སྤྲོས་བྲལ་ཆོས་སྐུའི་གཞལ་ཡས་ནས༔ རིགས་ལྔའི་ཁྲག་འཐུང་གཤེགས༴རྟོག་མེད་མཉམ་ཉིད་ཀློང་ཆེན་ནས༔ ཡེ་ཤེས་ཁྲོ་བཅུ་གཤེགས༴ཚད་མེད་ཐུགས་རྗེའི་གཞལ་ཡས་ནས༔ སྒོ་སྐྱོང་མ་བཞི་གཤེགས༴ཡེ་ཤེས་དབྱིངས་སུ་ཡེ་རྫོགས་པས༔ ལྷན་སྐྱེས་བདེ་ཆེན་རང་ཞལ་ཏེ༔ དོན་ལ་གཤེགས་བྱོན་མི་དམིགས་ཀྱང་༔ གདུལ་བྱ་ཐབས་ཀྱིས་འདུལ་བའི་ཕྱིར༔ གང་འདུལ་ཕྲིན་ལས་ད་དགོངས་འཚལ༔ བཛྲ་ས་མ་ཡ་ཛ་ཛ་སྟྭཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གདོད་ནས་ལྷན་སྐྱེས་ཡེ་ཤེས་ལྷ༔ བདག་དང་གཉིས་སུ་མེད་པའི་ངང་༔ དམ་ཚིག་ཡེ་ཤེས་གཉིས་མེད་སྐུར༔ འདུ་འབྲལ་མེད་པར་རོ་གཅིག་རོལ༔ ཛྙཱ་ན་བཛྲ་ས་མ་ཡ་སྟྭཾ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ངོ་བོ་སྐྱེ་མེད་ཆོས་ཀྱི་སྐུ༔ རང་བཞིན་འགགས་མེད་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཕྱོགས་མེད་སྤྲུལ་པའི་སྐུ༔ ཡོངས་འདུས་དཔལ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་ཉེར་སྤྱོད་ཚོགས༔ གསང་བདག་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པྲ་ཏཱིཙྪ་ཧོཿཧཱུྃ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་ཚོགས༔ གསང་བདག་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་ཧོཿཧཱུྃ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ སྣང་སྲིད་བཅུད་དྲིལ་གཏོར་ཆེན་པོ༔ འཁོར་བ་ཡོངས་སྒྲོལ་དམར་ཆེན་ཁྲག༔ གསང་བདག་དཀྱིལ་འཁོར་མཉེས་ཕྱིར་འབུལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ ཡབ་ཡུམ་ཡེ་སྦྱོར་བདེ་ཆེན་སྦྱོར༔ གསང་བདག་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་བའི༔ བརྟུལ་ཞུགས་ཆེན་པོའི་རྩལ་ཤུགས་ཀྱིས༔ འཁོར་བ་མྱང་འདས་ངང་དུ་སྒྲོལ༔ གསང་བདག་དགྱེས་ཕྱིར་ཞལ་དུ་བསྟབ༔ སརྦ་གྷ་ཎ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ལྷར་སྣང་རོལ་བའི་ཏིང་འཛིན་གྱིས༔ ཧཱུྃ༔ གདོད་མའི་མགོན་པོ་ཀུན་ཏུ་བཟང་༔ དབྱིངས་ལས་མ་གཡོས་རང་བྱུང་རྩལ༔ རྟོག་མེད་རྟོག་སྒྲིབ་བཅོམ་པའི་དཔལ༔ ཞེ་སྡང་རང་གྲོལ་ཞེ་སྡང་འཇོམས༔ ཡེ་ཤེས་རྣམ་རོལ་དཔག་ཡས་འགྱེད༔ རྡོ་རྗེ་ཅན་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྔམས་བརྗིད་འཇིགས་རུང་ཁྲོ་གཏུམ་ངོམས༔ རྒྱལ་བའི་དཀྱིལ་འཁོར་སྐུ་ལ་རྫོགས༔ བདུད་དང་རཱུ་དྲ་ལོག་ལྟའི་གཤེད༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དྲག་པོའི་ཧཱུྃ་གིས་སྒྲ་སྒྲོགས་པས༔ སྲིད་གསུམ་འཁོར་བ་དབྱིངས་སུ་འཇིགས༔ ཁམས་གསུམ་འཁྲུལ་པའི་རྒྱུན་ཐག་གཅོད༔ རྡོ་རྗེ་ཅན་གྱི་གསུང་ལ་བསྟོད༔ ཧཱུྃ༔ ཡེ་ཤེས་ཐུགས་རྗེ་རླབས་ཆེན་གྱིས༔ ལོག་པར་རྟོག་པའི་འཁྲུལ་འཁོར་འཇོམས༔ མ་རིག་མུན་པའི་མལ་དུབ་ཀྱི༔ རྒྱུ་དྲུག་འཁྲུལ་པའི་བག་ཆགས་བཅོམ༔ བདེ་བ་ཆེན་པོའི་ཀློང་རྒྱས་འདེབས༔ རྡོ་རྗེ་ཅན་གྱི་ཐུགས་ལ་བསྟོད༔ ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཡོན་ཏན་ཕྲིན་ལས་རོལ་གར་དཔྱིད༔ ཡེ་ཤེས་རིགས་ལྔ་ཁྲག་འཐུང་བཅུ༔ སྤྲུལ་པའི་ཁྱུང་ཆེན་སྒོ་མ་བཞི༔ ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་བསྟོད༔ ལྟ་བ་ཁྱབ་བརྡལ་རྡོ་རྗེས་བསྟོད༔ སྒོམ་པ་འུབ་ཆུབ་རོལ་པས་བསྟོད༔ སྤྱོད་པ་རང་གྲོལ་ཆེན་པོས་བསྟོད༔ རང་ཉིད་ལྷ་ལ་ལྷ་ཉིད་རང་༔ གདོད་ནས་འདུ་འབྲལ་མེད་པའི་ངང་༔ རིག་པའི་ངང་དུ་བསྟོད་པར་བགྱི༔ བསྟོད་བྱ་སྟོད་བྱེད་དབྱེར་མེད་དུ༔ བྱང་ཆུབ་ཆེན་པོར་སངས་རྒྱས་སོ༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ གཉན་དང་གཟའ་ཀླུ་ཁ་དར་ནས༔ སྐྱེ་འགྲོ་མི་བདེ་སྡུག་བསྔལ་ཆེ༔ འདི་ཉིད་ཉམས་སུ་ལེན་པའི་མི༔ གནམ་ལྕགས་རྡོ་རྗེའི་རྫོངས་སུ་ཚུད༔ ལེགས་པའི་ཡོན་ཏན་གོང་དུ་འཕེལ༔ བསྐྱེད་དང་རྫོགས་པའི་རིམ་པ་གནད༔ བསྙེན་སྒྲུབ་དམིགས་གཟེར་བསྒྱུར་ཁ་གཙོ༔ དེ་ལྟར་ཉམས་ལེན་གནད་ལྡན་ངང་༔ བསྒྲུབ་པ་ཙམ་གྱི་དངོས་གྲུབ་ཐོབ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ པདྨ་བདག་གི་སྙིང་ཐིག་འདི༔ ཡི་གེར་ཐོབ་ལ་གཏེར་དུ་སྦོས༔ བཀའ་སྲུང་དཔལ་མགོན་ནག་པོར་བཅོལ༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ བདུད་སྤྲུལ་སྡེ་ལྔའི་སྲོག་རྩ་ཆོད༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ པདྨ་བདུད་འཇོམས་རྡོ་རྗེ་ངས།།ཟབ་མོའི་གཏེར་སྒོ་འབྱེད་པའི་ཚེ།།མ་དང་མཁའ་འགྲོས་རྒྱང་གླུ་ལེན།།དཔའ་བོའི་ཚོགས་ཀྱིས་རོལ་མོ་འཁྲོལ།།འཇའ་དང་འོད་ཀྱི་དྲྭ་བ་འཁྲིགས།།དྲི་ཞིམ་སྤོས་ཀྱི་ངད་པ་འཐུལ།།གཞན་དག་ཡིད་ཆེས་མོས་གུས་བསྐྱེད།།དེ་ལྟར་པདྨ་འབྱུང་གནས་ཀྱི།།སྙིང་ཐིག་ཟབ་མོ་ཐོབ་པ་བདག།།སུ་མ་མགུ་ཡང་ཞེ་བློ་བདེ།།བདུད་སྤྲུལ་སྤྲེལ་འདྲའི་མཁས་རློམ་པ།།ཁྱོད་སྙིང་འགས་ཀྱང་ཡ་ང་མེད།།ང་ནི་པདྨའི་བུ་བརྒྱུད་ཡིན།།ཟོག་པོ་དག་གི་རྗེས་མི་འགྲོ།།བདག་ནི་རིག་འཛིན་དམ་པའི་གདུང་།།གཤེ་སྐུར་མཁན་གྱིས་གླགས་མི་རྙེད།།སྔོན་གྱི་བདུད་བློན་སྨོན་ལོགས་འགས།།གཤེ་སྐུར་འདེབས་པ་འབྱུང་འགྱུར་གྱི།།ལུང་ཡང་ཕ་གཅིག་པདྨས་བསྟན།།དེ་ཕྱིར་ཡ་ངའི་འཕྲང་ལས་གྲོལ།།སྨོན་ལམ་དག་པའི་ལས་ཅན་འགས།།ཉམས་སུ་ལོངས་དང་དངོས་གྲུབ་ཐོབ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།