TTDL-ZABTER-03-GA-057

From Dudjom Wiki
Revision as of 12:08, 7 August 2024 by Mort (talk | contribs)

TTDL-ZABTER-03-GA-057
Wylie title
Location bdud 'joms gling pa zab gter
Volume 3, Text 57, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms phyag rdor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity phyag na rdo rje

[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་རྡོ་རྗེ་གཏུམ་པོའི་བསྐང་བ་ཚངས་པའི་སྒྲ་དབྱངས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༤༧མ་འོངས་དུས་ཀྱི་སྐལ་ལྡན་རྣམས༔ གསང་སྔགས་ཟབ་མོའི་སྒོར་ཞུགས་ཚེ༔ ཉམས་ཆག་བསྐང་བའི་ཐབས་འདིར་བརྩོན༔ མོས་གུས་གདུང་བས་གསང་སྔགས་ཀྱི༔ བླ་མ་མཆོག་དེ་དྲན་བྱས་ནས༔ འདི་ཉིད་ཉམས་སུ་ལེན་པར་གྱིས༔ ལུས་དང་ལོངས་སྤྱོད་ཐམས་ཅད་ཀུན༔ བློ་ཡིས་བླངས་ཏེ་མཆོད་སྤྲིན་འབུལ༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་ཡེ་ཤེས་ཀ་པཱ་ལར༔ སྲིད་པ་ཐམས་ཅད་ཡེ་ཤེས་བདུད་རྩིར་བཤམས༔ ཡེ་གཞི་ཆོས་དབྱིངས་མཐའ་བྲལ་བྷནྡྷ་རུ༔ སྣང་སེམས་རང་ཤར་མཆོད་པའི་མཆོག་ཏུ་བཤམས༔ བཤམས་པའི་དངོས་པོ་ཡེ་ཤེས་བདུད་རྩིར་བསྒྱུར༔ དབང་པོའི་ཡུལ་དུ་མཐུན་པའི་འདོད་ཡོན་འཇོ༔ གཅེས་པའི་མཆོག་གྱུར་ལུས་དང་དབང་པོ་བཀྲག༔ ལོངས་སྤྱོད་མི་ཟད་རྒྱན་གྱི་འཁོར་ལོའི་ཚོགས༔ དམ་ཚིག་ཉམས་ཆག་བསྐང་བའི་རྫས་སུ་འབུལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་སོགས་པའི༔ ཆོས་སྐུའི་དཀྱིལ་འཁོར་ཡོངས་རྫོགས་ཐུགས་དམ་བསྐང་༔ ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ་ལ་སོགས༔ ལོངས་སྐུའི་དཀྱིལ་འཁོར་ཡོངས་ཀྱི་ཐུགས་དམ་བསྐང་༔ ཞིང་ལྔར་སྤྲུལ་པའི་སྟོན་པ་ལ་སོགས་པའི༔ སྤྲུལ་སྐུའི་དཀྱིལ་འཁོར་ཡོངས་ཀྱིས་ཐུགས་དམ་བསྐང་༔ རྡོར་སེམསས་གསང་བདག་དགའ་རབ་ལ་སོགས་པའི༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས༴ཤྲཱི་སེང་པདྨ་ཀ་ར་ལ་སོགས་པའི༔ རིག་འཛིན་བརྡ་བརྒྱུད་བླ་མའི༴མཚོ་རྒྱལ་ཁྲི་སྲོང་བཻ་རོ་འབྲོག་བན་སོགས༔ གང་ཟག་སྙན་བརྒྱུད་བླ་མའི༴གཏེར་གྱི་དབང་ཕྱུག་རྩ་བའི་བླ་མ་སོགས༔ ཤོག་སེར་ཚིག་བརྒྱུད་བླ་མའི༴ཉམས་ཆག་རྟོག་སྒྲིབ་ཐམས་ཅད་མཐོལ་ལོ་བཤགས༔ དབང་དང་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ༔ ཁམས་གསུམ་འཁོར་བ་མྱང་འདས་ཐོབ་པར་ཤོག༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ཆེན་པོ་ནས༔ གསང་བདག་ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ ཡེ་ཤེས་རིགས་ལྔའི་གསང་ཆེན་དཀྱིལ་འཁོར་ནས༔ བཅོམ་ལྡན་ཁྲག་འཐུང་རིགས་ལྔའི༴སྟེང་ཕྱོགས་ཡེ་ཤེས་མེ་འབར་དཀྱིལ་འཁོར་ནས༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ༴ཤར་ཕྱོགས་ཞི་བ་ལྷུན་གྲུབ་དཀྱིལ་འཁོར་ནས༔ རྣམ་པར་རྒྱལ་བ་ཡབ་ཡུམ༴ལྷོ་ཕྱོགས་རྒྱས་པ་ལྷུན་གྲུབ་དཀྱིལ་འཁོར་ནས༔ གཤིན་རྗེ་གཤེད་པོ་ཡབ་ཡུམ༴ནུབ་ཕྱོགས་དབང་སྡུད་ལྷུན་གྲུབ་དཀྱིལ་འཁོར་ནས༔ རྟ་མགྲིན་རྒྱལ་པོ་ཡབ་ཡུམ༴བྱང་ཕྱོགས་མངོན་སྤྱོད་ལྷུན་གྲུབ་དཀྱིལ་འཁོར་ནས༔ བདུད་རྩི་འཁྱིལ་བ་ཡབ་ཡུམ༴འོག་ཕྱོགས་ཆོས་དབྱིངས་ལྷུན་གྲུབ་དཀྱིལ་འཁོར་ནས༔ མ་ཧཱ་བ་ལ་ཡབ་ཡུམ༴ཤར་ལྷོ་མེ་ལོང་ཡེ་ཤེས་དཀྱིལ་འཁོར་ནས༔ དབྱུག་པ་སྔོན་པོ་ཡབ་ཡུམ༴ལྷོ་ནུབ་མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་ནས༔ མི་གཡོ་མགོན་པོ་ཡབ་ཡུམ༴ནུབ་བྱང་སོར་རྟོག་ཡེ་ཤེས་དཀྱིལ་འཁོར་ནས༔ འདོད་པའི་རྒྱལ་པོ་ཡབ་ཡུམ༴བྱང་ཤར་བྱ་གྲུབ་ཡེ་ཤེས་དཀྱིལ་འཁོར་ནས༔ ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ༴གཏི་མུག་དུག་འཇོམས་སྨན་གྱི་སྡོང་པོ་ནས༔ ཡེ་ཤེས་བྱ་ཁྱུང་རྒྱལ་པོའི་ཐུགས་དམ་བསྐང་༔ སྒོ་བཞི་ཚད་མེད་རྣམ་བཞིའི་མཁའ་ཀློང་ནས༔ ཡེ་ཤེས་སྒོ་མ་བཞི་ཡི༴ཁམས་གསུམ་དབང་སྡུད་དྲག་པོའི་དཀྱིལ་འཁོར་ནས༔ གནོད་སྦྱིན་ཤན་པ་དམར་ནག༴རིན་ཆེན་ཟངས་གསེར་འདྲེས་པའི་བྲག་རི་ནས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི༴བཀའ་དང་དམ་ཚིག་གཉན་པོའི་གཞལ་ཡས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོའི༴བླ་མ་ཡི་དམ་མཁའ་འགྲོ་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལ༔ འགལ་བའི་ཉེས་བྱས་ཉམས་ཆག་དང་༔ རྟོག་སྒྲིབ་བག་ཆགས་ཐམས་ཅད་ཀུན༔ མི་གསང་མི་སྦེད་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བརྗོད༔ དེས་ནི་ཉམས་ཆག་སྡིག་སྒྲིབ་ཀུན༔ དག་ནས་མཆོག་གི་དངོས་གྲུབ་ཐོབ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཡོངས་གྲུབ་རིག་པའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།