ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བྱིན་འབེབས་བྱིན་རླབས་ཆར་འབེབས༔

From Dudjom Wiki
Revision as of 14:00, 7 August 2024 by Mort (talk | contribs)

TTDL-ZABTER-05-CA-003
Wylie title zab gsang mkha' 'gro'i snying thig las: dpal chen rdo rje gzhon nu'i byin 'bebs byin rlabs char 'bebs: TTDL-ZABTER-05-CA-003.pdf
Location bdud 'joms gling pa zab gter
Volume 5, Text 3, Pages 27-31 (Folios 1a1 to 3a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal chen rdo rje gzhon nu'i byin 'bebs byin rlabs char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 27-31. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: byin 'bebs   Verso: bdud 'joms phur pa gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Descent of Blessings - byin 'bebs
Cycle ཕུར་པ་ཐུགས་སྒྲུབ་གསང་བ་རྒྱ་ཅན་གནམ་ལྕགས་སྤུ་གྲི་ (phur pa thugs sgrub gsang ba rgya can gnam lcags spu gri)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུར་ངོར་གཏན་ལ་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di ni khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs rdo rje brag nas bton te mi lo sum cu rtsa gsum bar du bka' rgya byas mthar rigs sras mkhyen brtse'i myu gus nan du bskur ngor gtan la phab pa'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བྱིན་འབེབས་བྱིན་རླབས་ཆར་འབེབས་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་མཱུ་ཁྱོ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཕུར་པ་བསྒྲུབ་པའི་སྐྱེས་བུ་ཡིས༔ གནས་དང་སྒྲུབ་མཆོག་བྱིན་བརླབ་ཕྱིར༔ དང་པོ་བྱིན་ཆེན་འབེབས་པ་ལ༔ སྤོས་བསྲེགས་རོལ་མོ་སྣ་ཚོགས་བསྒྲགས༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་༔ ཆོས་དབྱིངས་ཡེ་ཤེས་གཞལ་ཡས་ནས༔ སྐུ་མཆོག་བུདྡྷ་རིགས་ཀྱི་ལྷ༔ རྡོ་རྗེ་ཕུར་པའི་སྐུར་བཞེངས་ལ༔ སྣང་སྲིད་དག་པ་རབ་འབྱམས་ཀྱི༔ རོལ་པ་ཆེན་པོར་བྱིན་ཕོབ་ཅིག༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་༔ མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ ཐུགས་མཆོག་རྡོ་རྗེ་རིགས་ཀྱི་ལྷ༔ རྡོ་རྗེ་ཕུར་པའི་སྐུར་བཞེངས་ལ༔ སྣང་སྲིད་དག་པ་རབ་འབྱམས་ཀྱི༔ རོལ་པ་ཆེན་པོར་བྱིན་ཕོབ་ཅིག༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་༔ མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ ཡོན་ཏན་རིན་ཆེན་རིགས་ཀྱི་ལྷ༔ རྡོ་རྗེ་ཕུར་པའི་སྐུར་བཞེངས་ལ༔ སྣང་སྲིད་དག་པ་རབ་འབྱམས་ཀྱི༔ རོལ་པ་ཆེན་པོར་བྱིན་ཕོབ་ཅིག༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་༔ སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ གསུང་མཆོག་པདྨ་རིགས་ཀྱི་ལྷ༔ རྡོ་རྗེ་ཕུར་པའི་སྐུར་བཞེངས་ལ༔ སྣང་སྲིད་དག་པ་རབ་འབྱམས་ཀྱི༔ རོལ་པ་ཆེན་པོར་བྱིན་ཕོབ་ཅིག༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་༔ བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ ཕྲིན་ལས་ཀརྨ་རིགས་ཀྱི་ལྷ༔ རྡོ་རྗེ་ཕུར་པའི་སྐུར་བཞེངས་ལ༔ སྣང་སྲིད་དག་པ་རབ་འབྱམས་ཀྱི༔ རོལ་པ་ཆེན་པོར་བྱིན་ཕོབ་ཅིག༔ ཧཱུྃ༔ ཀ་དག་གདལ་ཁྱབ་གཞལ་ཡས་ནས༔ གདོད་མའི་མགོན་པོ་ཀུན་ཏུ་བཟང་༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ ཟག་མེད་བདེ་ཆེན་གཞལ་ཡས་ནས༔ འགྲོ་བའི་མགོན་པོ་འོད་དཔག་མེད༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ ཐུགས་རྗེའི་དབང་གིས་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་དབྱིངས་ལས་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ནས༔ མཉྫུ་མི་ཏྲ་ཡབ་ཡུམ་གྱིས༔ ཆོས་ཉིད་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ པདྨ་གསུང་གི་དཀྱིལ་འཁོར་ནས༔ ཀླུ་སྒྲུབ་སྙིང་པོ་ཡབ་ཡུམ་གྱིས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཧཱུྃ་ཆེན་ཀཱ་ར་ཡབ་ཡུམ་གྱིས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ ཆེ་མཆོག་ཡོན་ཏན་དཀྱིལ་འཁོར་ནས༔ མཁའ་འགྲོ་ལས་ཀྱི་དབང་མོ་ཡིས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ ཕུར་པ་ཕྲིན་ལས་དཀྱིལ་འཁོར་ནས༔ པྲ་ཆེན་ཧསྟི་ཡབ་ཡུམ་གྱིས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ མ་མོ་རྦོད་གཏོང་དཀྱིལ་འཁོར་ནས༔ དྷ་ན་སཾསྐྲྀ་ཡབ་ཡུམ་གྱིས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་བའི་ཕུར་པར་བྱིན་ཕོབ་ཅིག༔ རིག་འཛིན་སློབ་དཔོན་དཀྱིལ་འཁོར་ནས༔ རིག་འཛིན་རྡོ་རྗེ་ཐོད་པ་རྩལ༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ནས༔ རཾ་བུ་གུ་ཧྱ་ཡབ་ཡུམ་གྱིས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ དམོད་པ་དྲག་སྔགས་དཀྱིལ་འཁོར་ནས༔ ཤཱནྟིཾ་གརྦྷ་ཡབ་ཡུམ་གྱིས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ རང་སྣང་དོན་གྱི་འོག་མིན་ནས༔ ཕུར་པ་གྲུབ་པའི་རིག་འཛིན་རྣམས༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་རྣམས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་ལ༔ སྲིད་པའི་ཕུར་པར་བྱིན་ཕོབ་ཅིག༔ རྣམ་དག་འོག་མིན་ཞིང་ཁམས་སུ༔ གནས་འདི་བྱིན་གྱིས་བརླབ་ཏུ་གསོལ༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་སུ༔ གནས་ཁང་བྱིན་གྱིས་བརླབ་ཏུ་གསོལ༔ རིག་འཛིན་དཔའ་བོ་མཁའ་འགྲོ་རུ༔ སྒྲུབ་མཆོག་བྱིན་གྱིས་བརླབ་ཏུ་གསོལ༔ བཀོད་པ་རབ་རྫོགས་དཀྱིལ་འཁོར་དུ༔ དཀྱིལ་འཁོར་བྱིན་གྱིས་བརླབ་ཏུ་གསོལ༔ མྱོང་གྲོལ་ཡེ་ཤེས་བདུད་རྩི་རུ༔ དམ་རྫས་བྱིན་གྱིས་བརླབ་ཏུ་གསོལ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ ནམ་མཁའི་མཐོངས་ནས་སྐུར་བཞེངས་ལ༔ འཇའ་དང་འོད་ཕུང་ཐིབས་སེ་ཐིབ༔ རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ དྲིལ་གཡེར་སྒྲ་སྙན་སི་ལི་ལི༔ བྱིན་རླབས་ན་བུན་ཐིབས་སེ་ཐིབ༔ དངོས་གྲུབ་སྦྲང་ཆར་ཉི་ལི་ལི༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ བཛྲ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ ཞེས་ཡིད་ཀྱིས་དད་པ་དང་མོས་གུས་དྲག་པོ་བསྐྱེད༔ ལྷ་རྣམས་རིམ་གྱིས་ཡིད་ལ་དྲན་བཞིན་རྒྱ་མཚོ་ལ་ཆར་བབས་པ་ལྟར་གནས་ཡུལ་སྒྲུབ་རྫས་རྣམས་ལ་ཐིམ་པར་བསྒོམ་སྟེ༔ གནས་ཞིང་ཁམས་དང་༔ སྒྲུབ་ཁང་གཞལ་ཡས་ཁང་དང་དཀྱིལ་འཁོར་ལྷ་ཡི་རྟེན་དང་བརྟེན་པ༔ སྒྲུབ་རྫས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི༔ སྒྲུབ་པ་པོ་རྣམས་ཡེ་ཤེས་ལྷ་ཡི་རོལ་པ་རུ་བྱིན་གྱིས་བརླབ་ཅིང་གོ་འཕོས་པར་བསམ་པ་གནད་ཀྱི་དམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རིགས་སྲས་མཁྱེན་བརྩེའི་མྱུ་གུས་ནན་དུ་བསྐུར་ངོར་གཏན་ལ་ཕབ་པའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།