TTDL-ZABTER-06-CHA-003

From Dudjom Wiki
Revision as of 12:19, 8 August 2024 by Mort (talk | contribs)

TTDL-ZABTER-06-CHA-003
Wylie title TTDL-ZABTER-06-CHA-003.pdf
Location bdud 'joms gling pa zab gter
Volume 6, Text 3, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 6: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' brgyad chu 'dus
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle བཀའ་བརྒྱད་བདེ་གཤེགས་ཆུ་གཏེར་འདུས་པ་ (bka' brgyad bde gshegs chu gter 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity bka' brgyad
[edit]
དབུ་ཁྲིད་བརྡ་ཡིག༔ ༤༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་ཆུ་གཏེར་འདུས་པ་ཡི༔ བྱིན་འབེབས་འོད་ཀྱི་དྲྭ་བ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༔ ༤༧བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ལ་འདུད༔ མ་བཅོས་ཡེ་ནས་རང་ལ་རྫོགས་པའི་ལྷ༔ གནས་ལུགས་ཆོས་སྐུའི་ངང་དུ་ཞལ་མཐོང་ཕྱིར༔ རང་ལ་རང་དབང་བསྒྱུར་ཕྱིར་འདི་ཉིད་གཅེས༔ སྤོས་བསྲེགས་དར་གཡབ་རོལ་མོའི་སྒྲ་དང་བཅས༔ ཧཱུྃ་ཧྲཱིཿཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་དཔལ༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་བྱུང་༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ རྩ་ཁམས་དག་པ་དབྱིངས་ཀྱི་ལྷ༔ ཞི་བ་བཞི་བཅུ་རྩ་གཉིས་དང་༔ འབར་བ་ཁྲག་འཐུང་ལྔ་བཅུ་སོགས༔ རང་རྩལ་སྒྱུ་འཕྲུལ་བསམ་མི་ཁྱབ༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་བྱུང་༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ ཚོགས་བརྒྱད་གནས་སུ་དག་པའི་དབྱིངས༔ དུར་ཁྲོད་བརྒྱད་ལ་དབང་བསྒྱུར་བ༔ རིག་འཛིན་ཆེན་པོ་རྣམ་པ་བརྒྱད༔ ཀཽ་སེང་ཕྲ་མེན་སེང་ཧ་སོགས༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་བྱུང་༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ ཕྱོགས་བཞི་མཚམས་བརྒྱད་དབུས་དང་དགུ༔ ཡེ་ཤེས་འཁོར་ལོའི་རྩིབས་སྟེང་ནས༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ བསྒྲུབ་པ་བཀའ་བརྒྱད་ལྷ་ཡི་ལྷ༔ རྒྱུད་སྡེ་བཞི་དྲུག་འཁོར་དང་བཅས༔ ཐུགས་རྗེ་བྱིན་རླབས་ནུས་སྟོབས་བྱུང་༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ ཡེ་ཤེས་རོལ་པ་རྔམས་པའི་རྩལ༔ ཐུགས་རྗེ་བྱིན་རླབས་ཁྲོས་པའི་གཟུགས༔ དཔལ་ཆེན་ཧེ་རུའི་བཀའ་སྡོད་རྣམས༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་བྱུང་༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་ཕོབ༔ རང་སྣང་དོན་གྱི་འོག་མིན་ཞིང་༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་ནས༔ མ་འགགས་རང་མདངས་རིག་པའི་ལྷ༔ རིག་འཛིན་དཔའ་བོ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་བདག་རྣམས༔ ཐུགས་རྒྱུད་བསྐུལ་ལོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་པོ་བསྒྲུབ་རྫས་མཆེད་ལྕམ་དྲལ༔ དཔལ་ཆེན་ཆེ་མཆོག་ལྷག་པའི་ལྷ༔ ཡེ་ཤེས་བདུད་རྩི་འབྱུང་བའི་བཅུད༔ དཔའ་བོ་མཁའ་འགྲོའི་རོལ་པ་རུ༔ དབང་བསྐུར་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་པའི་གཞལ་ཡས་སྒྲུབ་པའི་གནས༔ ཡེ་ཤེས་ལྔ་རྫོགས་དཀྱིལ་འཁོར་དང་༔ ཧེ་རུའི་ཞིང་དུ་བྱིན་གྱིས་རློབས༔ དཔལ་ཆེན་མཐུ་སྟོབས་ནུས་རྩལ་བྱུང་༔ རྟགས་དང་མཚན་མ་བསྟན་པ་དང་༔ མཆོག་ཐུན་དངོས་གྲུབ་བྱིན་ཆེན་ཕོབ༔ འཁོར་བ་འོད་སྐུར་གྲོལ་བ་དང་༔ གཟུང་འཛིན་འཁྲུལ་སྣང་དབྱིངས་སུ་ཤིག༔ སྐུ་གསུམ་ཡེ་ཤེས་མངོན་དུ་གྱུར༔ དགོངས་རྒྱུད་བྱིན་རླབས་སྙིང་ལ་སྩོལ༔ མི་གཡོ་འོད་གསལ་ཆོས་སྐུའི་ཀློང་༔ གཞོན་ནུ་བུམ་སྐུའི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་ཤྲཱི་ཤཱནྟིཾ་ཀྲོ་ཏ་ཧེ་རུ་ཀ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཨེ་ཨ་རལླི་ཕེཾ་ཕེཾ༔ ཞེས་བྱིན་ཆེན་དབབ་པར་བྱའོ༔ བདག་གནས་བསྒྲུབ་པའི་རྫས་ཡོ་བྱད་ཐམས་ཅད་དཔལ་ཆེན་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཆེན་པོའི་རོལ་པར་བྱིན་གྱིས་བརླབས་པར་བསམ༔ ཨེ་མ༔ རྒྱལ་དབང་པདྨ་ཐོད་ཕྲེང་གི༔ ཐུགས་བཅུད་དགོངས་པའི་ཟབ་ཆོས་གཏེར༔ ཀུན་ལས་ཁྱད་འཕགས་ཡིད་བཞིན་ནོར༔ འདི་འཕྲད་ལས་ཅན་སྐལ་བ་བཟང་༔ ཆོས་སྐུའི་ཡེ་ཤེས་མདངས་རྒྱས་ཕྱིར༔ ལྷ་ཡི་དཀྱིལ་འཁོར་བསྒོམ་པའི་ཚེ༔ བྱིན་རླབས་ཡེ་ཤེས་མཆོག་ཐོབ་ཕྱིར༔ བྱིན་ཆེན་དབབ་པ་གནད་དུ་ཤེས༔ དེ་ཕྱིར་དུས་བཞིར་ཉམས་ལེན་མཛོད༔ སྔགས་བདག་གཟའ་དང་དམ་ཅན་ལ༔ གཏད་དོ་གཉེར་རོ་ས་མ་ཡ༔ ཐུབ་པར་སྲུངས་ཤིག་རྡོ་རྗེའི་ཚིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་བདག་གླིང་པ་མི་འགྱུར་རྡོ་རྗེ་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཤོག་སེར་ངོས་ནས་དག་པར་ཕབ་པ་དགེ།འདི་ལ་བྱིན་རླབས་རྣོ་ནུས་དཔག་ཏུ་མེད་པ་ཡོད།ཡི་གེའི་རིས་བྱེད་ཚུལ་ཁྲིམས་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།