DJYD-KABUM-23-A-019
DJYD-KABUM-23-A-019
(1ན)གཏེར་གསར་ཁྲོས་མའི་འཕོ་བའི་ཟིན་བྲིས་ནི། ཕཊ༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ ཞེས་སོགས་ཀྱིས་གསལ་བཏབ་སྟེ། དེའང་ཕཊ་ཅེས་བརྗོད་པས་མ་དག་པའི་སྣང་བ་ཐམས་ཅད་སྐད་ཅིག་གིས་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་བདེ་ཆེན་འགྱུར་བ་མེད་པའི་གནས་རང་སྣང་གི་བཀོད་པ་སྔར་སྐྱབས་འགྲོའི་ཚོགས་ཞིང་གི་སྐབས་སུ་བཤད་ཟིན་ལྟ་བུ་ཡོངས་སུ་རྫོགས་པར་གྱུར་པའི་དབུས་སུ་གདན་ཆུ་སྐྱེས་པདྨ་འདབ་བརྒྱད་གེ་སར་རབ་ཏུ་བཞད་པའི་ཁར་ཉི་མའི་གདན་གྱི་སྟེང་དུ་ཡེ་ཤེས་ལྔའི་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་དང་ལྡན་པའི་ཀློང་ན་རང་ལུས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་ལྗང་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ། ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ་མཆན་ཁུང་གཡོན་དུ་ཁ་ཊྭཱྃ་ཀ་བཀལ་བ་ཞབས་གཉིས་འདོར་སྟབས་སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཕྱི་ནས་བལྟས་ན་ནང་གསལ་བ་ནང་ནས་བལྟས་ན་ཕྱི་གསལ་བ་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བ་ནི་ཕྱི་ལུས་ཀྱི་སྟོང་ར་ཡིན། ནང་རྩའི་སྟོང་ར་ནི། དེ་ལྟ་(1བ)བུའི་སྐུ་དབུས་དྲང་པོར་ཁང་དཀྱིལ་དུ་ཀ་བ་བཙུགས་པ་ལྟ་བུ་ཡར་གྱི་ཟང་ཐལ་ལམ་སྟེ་ཡར་དག་པ་མཁའ་སྤྱོད་ཀྱི་ཞིང་སོགས་སུ་ཐོགས་པ་མེད་པར་འགྲོ་བའི་ལམ་སྒོ་ལྔའི་དྭངས་མ་ཡེ་ཤེས་རྩ་མཆོག་དབུ་མ་ཨ་ཝ་ངྷུ་ཏི་དྲང་ཞིང་སྲབ་ལ་གསལ་ཞིང་སྣུམ་པའི་མཚན་ཉིད་རྫོགས་པ། སྐུ་གསུམ་མཚོན་བྱེད་དུ་ཕྱི་དཀར་བ་ནང་དམར་བ་བར་མཐིང་ཞུན་ལྟར་སྔོ་བ་ཡར་སྣེ་སྤྱི་བོར་རྒྱ་མཐོང་ངམ་ཟངས་དུང་ཁ་ཕྱེས་པ་ལྟ་བུ་ཧད་པོར་སོང་བ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་པ། ཟབ་མོའི་གཅོད་ཀྱི་གཞུང་ལུགས་ཀུན་ནས་འབྱུང་བ་ལྟར་གསང་གནས་མཚམས་ནས་ཁ་གཉིས་སུ་གྱེས་པའི་མར་སྣ་རྐང་མཐིལ་གཉིས་སུ་འགག་པའི་སྟེང་དུ་གཡས་སུ་ཐབས་ཀྱི་མཚོན་བྱེད་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་འོད་དཀར་པོའི་ཐིག་ལེའི་ཀློང་དུ་གསལ་ཞིང་གཡོན་དུ་ཤེས་རབ་མཚོན་བྱེད་མ་ལས་ཐོབ་པའི་རཀྟ་དམར་ཆ་འོད་དམར་གྱི་ཐིག་ལེའི་ཀློང་དུ་གསལ་བ་དེ་གཉིས་ཀ་བྱ་མ་གསར་གྱི་སྒོ་ང་ཙམ་པ་འཕར་ལིང་ལིང་བྱེད་པར་གསལ། གནས་ལྔའི་འཁོར་ལོ་ལས་གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས་སུ་ཡུམ་དམ་ཚིག་སྒྲོལ་མ་སྐུ་(2ན)མདོག་ལྗང་མོ་ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན་གཡོན་མཉམ་གཞག །ལྟེ་བ་སྤྲུལ་པའི་འཁོར་ལོར་ཡུམ་སངས་རྒྱས་སྤྱན་མ་སེར་མོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག །སྙིང་ག་ཆོས་ཀྱི་འཁོར་ལོར་ཡུམ་མཱ་མ་ཀཱི་དཀར་མོ་གཡས་ས་གནོན་དང་གཡོན་མཉམ་གཞག །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་ཡུམ་གོས་དཀར་མོ་དམར་མོ་ཕྱག་གཉིས་མཉམ་གཞག །སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཡུམ་དབྱིངས་ཕྱུག་མ་མཐིང་ག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱའམ་ཡང་ན་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། ལྡ་ཀའང་ལོངས་སྤྱོད་རྫོགས་སྐུའི་ཆས་རྫོགས་ཤིང་ཞབས་གཉིས་བཙུན་མོ་རོལ་པའི་སྟབས་ཀྱིས་རང་མདངས་འོད་ཕུང་གི་ཀློང་ན་པདྨ་དང་ཟླ་བའི་གདན་ལ་བཞུགས་པ་སྣང་སྟོང་ཡེ་ཤེས་ཀྱི་སྐུ་ཅན་དུ་གསལ། དེའི་སྤྱི་བོར་ཁྲུ་གང་ཙམ་གྱི་ནམ་མཁར་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོའི་འོག་མིན་རྣམ་པར་དག་པའི་ཞིང་ཁམས་མ་བཙལ་རང་བྱུང་དུ་རྫོགས་པའི་བཀོད་པ་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རྣམ་པར་ཐར་(2བ)པའི་སྒོ་གསུམ་དང་ལྡན་པ་དེ་ཉིད་མ་བསྒོམ་ཡོངས་སུ་རྫོགས་པའི་རང་བཞིན་ཅན་མངོན་དུ་གྱུར་ཚུལ་དུ་གནས་པ་སྟེ། དེའི་དབྱིངས་སུ་འཕོས་ན་གཏན་དུ་བདེ་བའི་སར་ཕྱིན་པ་ཡིན་ཕྱིར་ཞིང་ཁམས་ཀྱི་སྒྲས་བསྟན་གྱི་ཞིང་དངོས་པོར་འཛིན་པ་ཞིག་ཏུ་གོ་བར་མི་བྱའོ། །དེ་ཡང་གནས་ལྔའི་མཁའ་འགྲོ་དང་འོག་མིན་གྱི་ཞིང་ཁམས་རྣམས་ལ་གནས་ཀྱི་འདུ་ཤེས། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་བྱ་མ་གསར་གྱི་སྒོ་ང་ཙམ་པ་དེ་ལ་མགྲོན་པོའི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་ནོ། །དེ་ནས་བརྒྱུད་པའི་གསོལ་འདེབས་སྙན་པའི་དབྱངས་ཀྱིས་གྲངས་མང་འདོན་ཅིང་མོས་འདུན་དྲག་པོ་བསྐྱེད། འཕོ་བའི་ཚེ་དང་པོའི་ཕཊ་ཅེས་བརྗོད་པ་ན་རྐང་མཐིལ་གྱི་ཐིག་ལེ་དཀར་དམར་གཉིས་ཡར་འཕར་བ་རྐང་པ་གཡས་གཡོན་གྱི་འདུས་མདོ་ནས་གཅིག་ཏུ་འདྲེས་ཏེ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་ཏུ་གྱུར། ཡང་ཕཊ་ཅེས་བརྗོད་པས་ཐིག་ལེ་དེ་གསང་གནས་སུ་སྤར་ཡུམ་དམ་ཚིག་སྒྲོལ་མའི་ཐུགས་བདེ་བ་ཆེན་པོ་དང་དབྱེར་མེད་དུ་འདྲེས། ལས་རབ་རྫོགས་(3ན)པའི་ཞིང་ཁམས་ལ་དབང་བསྒྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས་པར་བསམ། ཡང་ཕཊ་ཅེས་བརྗོད་པས་ཡུམ་དམ་ཚིག་སྒྲོལ་མ་དང་རང་གི་རྣམ་ཤེས་དབྱེར་མེད་དུ་འོད་ཕུང་ཐིག་ལེ་ལྗང་གུར་གྱུར་པ་ལྟེ་བའི་ཡུམ་སངས་རྒྱས་སྤྱན་མའི་ཐུགས་དང་དབྱེར་མེད་དུ་འདྲེས། དཔལ་ལྡན་གྱི་ཞིང་ཁམས་ལ་དབང་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། ཡང་ཕཊ་བརྗོད་པས་དེ་ཉིད་འོད་ཕུང་ཐིག་ལེ་སེར་པོར་གྱུར་པ་སྙིང་གའི་ཡུམ་མཱ་མ་ཀཱིའི་ཐུགས་དང་དབྱེར་མེད་དུ་འདྲེས། མངོན་པར་དགའ་བའི་ཞིང་ཁམས་ལ་དབང་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཡང་ཕཊ་བརྗོད་པས་དེ་ཉིད་འོད་ཕུང་དཀར་པོར་གྱུར་པ་མགྲིན་པའི་ཡུམ་གོས་དཀར་མོའི་ཐུགས་དང་དབྱེར་མེད་དུ་འདྲེས། བདེ་བ་ཅན་གྱི་ཞིང་ཁམས་ལ་དབང་བསྒྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། ཡང་ཕཊ་བརྗོད་པས་དེ་ཉིད་འོད་ཕུང་ཐིག་ལེ་དཀར་པོར་གྱུར་པ་སྤྱི་བོའི་ཡུམ་དབྱིངས་ཕྱུག་མའི་ཐུགས་དང་དབྱེར་མེད་དུ་འདྲེས། སངས་རྒྱས་རིགས་ཀྱི་ཞིང་ཁམས་ལ་(3བ)དབང་བསྒྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། ཡང་ཕཊ་བརྗོད་པས་དེ་ཉིད་འོད་ཕུང་ཐིག་ལེ་མཐིང་གར་གྱུར་པ་གཙུག་ཏོར་ཡེ་ཤེས་ཀྱི་འཁོར་ལོ་དང་འདྲེས་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ལ་དབང་བསྒྱུར། ཡེ་གཞི་གདོད་མའི་མགོན་པོ་འགགས་མེད་ལྷུན་གྲུབ་ཀྱི་གནས་ལུགས་མངོན་དུ་བྱས་པའི་ངང་དུ་མཉམ་པར་བཞག་པར་བྱའོ། །ཡུམ་ལྔ་རྣམས་རིམ་གྱིས་འོད་ཐིག་ཏུ་གྱུར་ཏེ་ཡར་ཐིམ་པ་འདི་ནི་བདག་ལ་སྔ་སོར་ཞལ་སྔ་ནས་ཁྲིད་འདི་ལན་གཉིས་ཙམ་གནང་བ་དེའི་ཚེ་ཇི་ལྟར་སྩལ་བ་ལྟར་ཡིན་ལ། ཞལ་རྒྱུན་ཡི་གེར་བཀོད་པ་འགའ་ཞིག་ལས་ནི་ཡུམ་ལྔའི་ཐུགས་ཀར་རང་གི་རྣམ་ཤེས་རིམ་གྱིས་འཕོས་ལ་ཡུམ་ལྔ་མི་བསྡུ་བར་བཞག་པ་དང་མཐར་ལས་ལ་སྦྱར་བའི་དུས་སུ་མཁའ་འགྲོ་ལྔ་རྣམས་གདན་ལས་བཞེངས་ཏེ་སྐུ་གཅེར་བུ་རུས་རྒྱན་གྱིས་སྤྲས་པ་གྲི་གུག་དང་ཐོད་ཁྲག་བསྣམས་པ་ཅན་དུ་གྱུར་པར་མོས་ཤིང་། ཕཊ་སྒྲ་བདུན་གྱིས་ཀ་དག་སྐྱེ་མེད་དབྱིངས་སུ་སྤར་བ་དེའི་ངང་དུ་འཇོག་པར་བཤད། སྔ་ཕྱི་གཉིས་ཀ་ཞལ་རྒྱུན་འཁྲུལ་མེད་ཡིན་པས་གང་ལྟར་བྱས་ཀྱང་ཆོག་གོ། །ཛྙཱ་ནས་སོ།། །།