TTDL-ZABTER-08-NYA-006

From Dudjom Wiki
Revision as of 15:41, 12 August 2024 by Mort (talk | contribs)

TTDL-ZABTER-08-NYA-006
Wylie title TTDL-ZABTER-08-NYA-006.pdf
Location bdud 'joms gling pa zab gter
Volume 8, Text 6, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག༠༠༠༠༠༠༣༩༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་རྣམ་པ་གསུམ་གྱི་སྲོག་གཏད་ཡིད་བཞིན་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༔ བསྐལ་པའི་མར་གཤམ་སྙིགས་མའི་དུས༔ དམ་ལྡན་སྐྱེས་བུ་རྣམས་ཀྱི་དོན༔ ལྷ་ཆེན་གཙུག་ན་ཟླ་བ་ཡི༔ སྲོག་དབང་ཟབ་མོ་བསྟན་པར་བྱ༔ འདི་ཡི་ལག་ལེན་རིམ་པ་ལ༔ དབང་རྫས་ཐམས་ཅད་དཀྱུས་བཞིན་བཀོད༔ དང་པོ་ལས་གཞུང་བསྲང་བྱས་ནས༔ དྲང་སྲོང་ལྷ་ཡི་བླ་མ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ ཡོངས་འདུས་ཡོངས་རྫོགས་རྒྱ་ཡིས་བཏབ༔ དེ་ནས་སློབ་མ་གྲལ་འཁོད་ཅིང་༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ དང་པོ་ཞུ་བ་ལ༔ ཀྱཻ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ བདག་ཅག་བདེ་ལེགས་མཛད་པའི་ཕྱིར༔ དྲང་སྲོང་ལྷ་ཡི་བླ་མ་ཡི༔ སྲོག་གི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་མཐར༔ གཏོར་མ་ལྷ་ཆེན་དངོས་སུ་གསལ་ལ༔ དམ་ཆུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱི༔ དམ་ཚིག་གཉན་པོ་མནའ་ཡི་ཆུ༔ ལྷ་ཆེན་ཁྱོད་ཀྱི་ལྕེ་ལ་བཞག༔ བདག་དང་སྒྲུབ་པའི་སྐལ་ལྡན་ལ༔ ཕ་མ་བུ་ཚ་ཇི་བཞིན་སྐྱོངས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ས་མ་ཡ༔ ཞེས་མེ་དང་ཆུ་བྲབ་སྟེ་གཏོར་མ་ལྷ་ཆེན་དངོས་སུ་གསལ་བ་ལག་ཏུ་ཐོགས་ལ༔ ཀྱཻ༔ རྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱི༔ བཀའ་དང་དམ་ཚིག་གཅིག་དྲིལ་ཏེ༔ བསྒོ་བའི་བཀའ་ཡིན་ཁྱོད་ཀྱིས་ལོངས༔ སྐལ་བཟང་སྐྱེས་བུ་འདི་ཉིད་ལ༔ ལྷ་ཆེན་འཁོར་བཅས་འགོ་བ་དང་༔ འཁོར་ཞིང་འགྲོགས་པར་མཛད་དུ་གསོལ༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་བརྗོད་པས་སློབ་མ་ལ་ཐིམ་པས་སློབ་མ་ལྷ་ཆེན་དངོས་སུ་གྱུར་པར་བསམ༔ སླར་ཡང་ལྷ་ཆེན་བསྐྱེད་ཆོག་གིས་བསྐྱེད༔ སྤྱན་འདྲེན་གྱིས་བསྟིམ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱས༔ དེ་ནས་དམ་ཆུ་ཐོགས་ལ༔ ཀྱཻ༔ རྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱི༔ གསང་བ་ཆེན་པོ་མནའ་ཡི་ཆུ༔ ལྷ་མི་དབྱེར་མེད་ངག་ཏུ་བླུད༔ ཡིད་ལ་དྲན་ཅིང་བསྒྲུབ་ཙམ་གྱིས༔ དེ་མ་ཐག་ཏུ་དེའི་མདུན་སར༔ ལྷ་ཆེན་འཁོར་བཅས་མཆིས་གྱུར་ཏེ༔ ཕྲིན་ལས་རབ་འབྱམས་ཡོངས་སུ་སྒྲུབས༔ ས་མ་ཡ་ན་ར་ཀན༔ ཞེས་བསྐྱལ་བཅུག་གོ༔ དམ་ཚིག་གི་བདུད་རྩི་དེ་སྙིང་གར་བབ་པས་ཙིཏྟ་རིན་པོ་ཆེའི་སྦུབས་སུ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་འོད་འབར་བའི་ལྟེ་བར་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་འོད་ལྔའི་ཐིག་ལེ་ཧཱུྃ་གིས་མཚན་པ་ཅན་དུ་གྱུར་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་པར་གྱུར༔ དེ་ནས་ལྕགས་ཀྱུ་ལག་གཡས་སུ་གཏད་ལ༔ ཧཱུྃ༔ ལྷ་ཆེན་ཆེ་གེ་ཆེན་པོ་ལ༔ དབང་གི་ལྕགས་ཀྱུ་འདི་གཏད་པས༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཞགས་པ་ལག་གཡོན་དུ་གཏད་ལ༔ ཧཱུྃ༔ ལྷ་ཆེན་ཆེ་གེ་ཆེན་པོ་ལ༔ དབང་གི་ཞགས་པ་འདི་གཏད་པས༔ སྣང་སྲིད་མ་ལུས་དབང་སྡུད་ཅིང་༔ སྐྱེ་འགྲོ་བྲན་དུ་ཁོལ་བར་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏེར་བུམ་གཏད་ལ༔ ཧཱུྃ༔ ལྷ་ཆེན་ཆེ་གེ་ཆེན་པོ་ལ༔ གཏེར་གྱི་བུམ་བཟང་འདི་གཏད་པས༔ ལོངས་སྤྱོད་བདེ་སྐྱིད་ཕུན་ཚོགས་ཀྱི༔ འཛད་མེད་གཏེར་ལ་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ ལྷ་ཆེན་ཆེ་གེ་ཆེན་པོ་ལ༔ སྲོག་གི་འཁོར་ལོ་འདི་གཏད་པས༔ ཡབ་ཡུམ་སྤྲུལ་འཁོར་སྡེ་དང་དཔུང་མ་ལུས་བསྒྲུབས་ལ་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྲོག་ཡིག་རྣམ་དྲུག་གཏད་ལ༔ ཧཱུྃ༔ སྲོག་གི་སྙིང་པོ་འདི་གཏད་པས༔ ལྷ་ཆེན་ཆེ་གེ་་ཆེན་པོ་ཡི༔ ཡབ་ཡུམ་སྤྲུལ་འཁོར་དཔུང་བཅས་ཀྱི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྐུ་གཟུགས་གཏད་ལ༔ ཧཱུྃ༔ ལྷ་ཆེན་དབང་པོའི་སྐུ་གཏད་པས༔ ལྷ་དབང་རྒྱལ་དང་དེ་ཡི་ཡུམ༔ སྤྲུལ་འཁོར་ནོར་བདག་དཔལ་མགོན་གྱི༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཟླས་པའི་སྔགས་གཏད་ལ༔ ཧཱུྃ༔ གསུང་གི་སྙིང་པོ་འདི་གཏད་པས༔ ལྷ་དབང་རྒྱལ་དང་དེ་ཡི་ཡུམ༔ སྤྲུལ་འཁོར་ནོར་བདག་དཔལ་མགོན་གྱི༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ལིངྒ་གཏད་ལ༔ ཧཱུྃ༔ གསང་སྙིང་ལིངྒ་འདི་གཏད་པས༔ ལྷ་དབང་རྒྱལ་དང་དེ་ཡི་ཡུམ༔ སྤྲུལ་འཁོར་ནོར་བདག་དཔལ་མགོན་གྱི༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ཏོག་རྣམ་ལྔ་གཏད་ལ༔ ཧཱུྃ༔ མེ་ཏོག་སྣ་ཚོགས་པདྨོ་སྦྱིན༔ ལྷ་དབང་རྒྱལ་དང་དེ་ཡི་ཡུམ༔ དགའ་བདེ་ལོངས་སྤྱོད་ཕུན་ཚོགས་ཀྱི༔ ཡོན་ཏན་དཔལ་གྱི་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་རཏྣ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ནོར་བུ་མཐིང་ནག་གཏད་ལ༔ ཧཱུྃ༔ རིན་ཆེན་ནོར་བུ་འདི་གཏད་པས༔ ལྷ་དབང་རྒྱལ་དང་དེ་ཡི་ཡུམ༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ནས༔ ཕ་རོལ་དགྲ་དཔུང་གཞོམ་པར་ཤོག༔ རྩ་སྔགས༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་གཏད་ལ༔ ཧཱུྃ༔ འཁོར་ལོས་བསྒྱུར་བ་རྒྱལ་པོའི་སྲིད༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ ལྷ་ཆེན་འཁོར་ལོས་སྒྱུར་རྒྱལ་གྱི༔ དཔལ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་ཨ་མ་མ་ཎི་རཏྣ་ཨ་བྷི་བིཉྩ་ཧཱུྃ༔ དེ་ནས་སྨོན་ལམ་གདབ་པ་ནི༔ ཧོཿལྷ་ཆེན་ཆེ་གེ་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ལ་དབང་བསྒྱུར་བའི་དབང་དང་དཔལ་དང་མཐུ་ནུས་ཐམས་ཅད་སློབ་མ་འདི་ལ་ཐོབ་པར་གྱུར་ཅིག༔ སྨོན་འགྲུབ་བདེན་བརྗོད་ཀྱང་ནན་དུ་བྱ༔ ཤིས་པ་བརྗོད༔ འདི་ཐོབ་སྐལ་ལྡན་སྐྱེ་བུ་ཡིས༔ སྒྲུབ་པ་ཙམ་གྱིས་ངེས་པར་འགྲུབ༔ སྙིང་ཉེ་བརྩེ་དང་གདུང་བར་འཁོར༔ བསམ་པའི་དོན་ཀུན་ངེས་པར་འགྲུབ༔ དབང་ཕྱུག་འདོད་རྒྱལ་ཚོགས་བདག་གི༔ སྤྱི་དབང་ཟབ་མོ་འདི་ཁོ་ན༔ ཁྱབ་བདག་བླ་ན་མེད་པ་ཡིན༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གཉིས་བར་དུ་བཀའ་རྒྱས་བཏབ་ནས་མཐར་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བསོད་ནམས་བཀྲ་ཤིས་ཀྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བླ་མ་བློ་བཟང་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།