TTDL-ZABTER-08-NYA-026

From Dudjom Wiki
Revision as of 15:50, 12 August 2024 by Mort (talk | contribs)

TTDL-ZABTER-08-NYA-026
Wylie title TTDL-ZABTER-08-NYA-026.pdf
Location bdud 'joms gling pa zab gter
Volume 8, Text 26, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་ལས་ཚོགས་ལས༔ དགྲ་བོ་བྲོས་ཤོར་གྱི་སྒོ་འདན་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༠༡༨༡༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ བཀའ་སྲུང་གཉན་པོ་མདུན་དུ་བསྒོམ༔ དེ་ལ་ལས་བཅོལ་འདི་སྐད་བྱ༔ ཛཿལྷ་ཆེན་དབང་ཕྱུག་ཆེན་པོ་ཁྱོད༔ ཁམས་གསུམ་ཡོངས་ཀྱི་མངའ་བདག་ཡིན༔ ཆེ་བཙན་འཇིག་རྟེན་གསུམ་ན་འཕགས༔ ཁམས་གསུམ་ལེགས་ཉེས་ཁྱོད་ཀྱིས་དབང་༔ དཀོན་མཆོག་གསུམ་གྱི་སྲུང་མ་ལགས༔ ཁྱོད་ལ་བདག་གི་བློ་གཏད་སྒྲུབས༔ དོ་ནུབ་ལས་ཀྱི་ཕོ་ཉར་བསྐུལ༔ ཧཱུྃ༔ དབང་ཕྱུག་སྐུ་ཡི་དབྱིངས་བསྐུལ་ལོ༔ སྐུ་ཡི་སྤྲུལ་པའི་དུས་ལ་བབ༔ ལྷ་བདུད་དགའ་རབ་དབང་ཕྱུག་གིས༔ མུ་སྟེགས་ཡོངས་ལ་མངའ་དབང་མཛད༔ དོ་ནུབ་ང་ཡི་ཕོ་ཉར་བསྐུལ༔ དམ་ཉམས་དགྲ་བོ་ལས་ངན་འདི༔ མུ་སྟེགས་སྲུང་བཟློག་དང་ཕྲོལ་ལ༔ ཕྱི་པའི་དབང་དུ་མ་བཏང་ཞིག༔ ཧཱུྃ༔ དབང་ཕྱུག་གསུང་གི་སྤྲུལ་པ་ལས༔ ལྷ་ཆེན་སྟག་ལྷ་མེ་འབར་བ༔ གཡུང་དྲུང་བོན་ལ་མངའ་དབང་མཛད༔ དོ་ནུབ་ང་ཡི་ཕོ་ཉར་བསྐུལ༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ བོན་གྱི་སྲུང་བཟློག་དང་ཕྲོལ་ལ༔ བོན་གྱི་དབང་དུ་མ་བཏང་ཞིག༔ དམ་ཚིག་གཉན་པོ་གཏའ་རུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ལས༔ ལྷ་མགོན་མ་ཧཱ་ཀཱ་ལ་ཆེ༔ ནང་པའི་བསྟན་འགྲོར་མངའ་དབང་མཛད༔ དོ་ནུབ་ལས་ཀྱི་ཕོ་ཉར་བསྐུལ༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ བན་སྔགས་སྲུང་བཟློག་དང་ཕྲོལ་ལ༔ ནང་པའི་དབང་དུ་མ་བཏང་ཞིག༔ གློ་བུར་ཧུར་ཐུམ་དྲག་པོར་སོད༔ དམ་ཚིག་གཉན་པོ་གཏའ་རུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ ཧཱུྃ༔ དབང་ཕྱུག་ཡོན་ཏན་སྤྲུལ་པ་ནི༔ ཚོགས་བདག་གླང་སྣ་དམར་པོ་སྟེ༔ འདོད་ལྷ་ཡོངས་ལ་མངའ་དབང་མཛད༔ དོ་ནུབ་ལས་ཀྱི་ཕོ་ཉར་བསྐུལ༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ ལྷ་ཡི་སྲུང་མ་དང་ཕྲོལ་ལ༔ འདོད་ལྷའི་དབང་དུ་མ་བཏང་ཞིག༔ གློ་བུར་ཧུར་ཐུམ་དྲག་པོར་སོད༔ དམ་ཚིག་གཉན་པོ་གཏའ་རུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ ཧཱུྃ༔ ལྷ་ཆེན་ཕྲིན་ལས་སྤྲུལ་པ་ནི༔ བཀའ་ཡི་ལྷ་སྲིན་དྲེགས་པ་ཅན༔ སྐྱེ་འགྲོ་ཡོངས་ལ་མངའ་དབང་མཛད༔ དོ་ནུབ་ལས་ཀྱི་ཕོ་ཉར་བསྐུལ༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ སྐྱེ་འགྲོའི་སྲུང་བཟློག་དང་ཕྲོལ་ལ༔ སེམས་ཅན་ཡོངས་ལ་མ་ཤོར་ཅིག༔ གློ་བུར་ཧུར་ཐུམ་དྲག་པོར་སོད༔ དམ་ཚིག་གཉན་པོ་གཏའ་རུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ དབང་ཕྱུག་སྤྲུལ་པ་ཡང་སྤྲུལ་གྱིས༔ སྲིད་པ་གསུམ་ལ་མངའ་དབང་བསྒྱུར༔ སྲིད་གསུམ་བདག་པོ་མངའ་དབང་མཛད༔ དོ་ནུབ་ང་ཡི་ཕོ་ཉར་བསྐུལ༔ དམ་ཉམས་དགྲ་བོ་སྡིག་ཅན་འདི༔ གཞི་བདག་སྲུང་མ་དང་ཕྲོལ་ལ༔ ཡུལ་ལྷའི་དབང་དུ་མ་བཏང་ཞིག༔ གློ་བུར་ཧུར་ཐུམ་དྲག་པོར་སོད༔ དམ་ཚིག་གཉན་པོ་གཏའ་རུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ འགོ་བར་བྱེད་པའི་ལྷ་དང་ཕྲོལ༔ སྐྱོབ་པར་བྱེད་པའི་ལྷ་དང་ཕྲོལ༔ ཚེ་རབས་ལས་ཀྱི་ལྷ་དང་ཕྲོལ༔ ད་ལྟ་བསྒྲུབ་མཆོད་ལྷ་དང་ཕྲོལ༔ སྟེང་གི་ལྷ་དང་སྲུང་མར་ཕྲོལ༔ བར་གྱི་གཉན་དང་ཡུལ་ལྷར་ཕྱེས༔ འོག་གི་ཀླུ་དང་སྲུང་མར་ཕྱེས༔ སྡང་བར་བྱེད་པའི་དགྲ་དང་སྤྲོད༔ གནོད་པར་བྱེད་པའི་བགེགས་དང་སྤྲོད༔ ཟ་བར་བྱེད་པའི་འདྲེ་དང་སྤྲོད༔ ཕུང་བར་བྱེད་པའི་སྲི་དང་སྤྲོད༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མར་མྱུར་དུ་སོད༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ ཞེས་བརྗོད་གསེར་སྐྱེམས་གཏོར་མ་དོར༔ དེ་ཡིས་དགྲ་བོའི་བྲོས་ལམ་ཆོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་མཁྱེན་རབ་རྒྱ་མཚོས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་རིས་བྱེད་ཀྱང་དེ་ཉིད་དོ།།དགེའོ།།སརྦ་མངྒ་ལཾ།།།།