DJYD-KABUM-23-A-031

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-23-A-031

(1ན)(གཏེར་སྲུང་ཆེན་པོ་ལུང་བཙན་སྲོག་གི་སྤུ་གྲིའི་ཕྲིན་ལས་དམ་ལྡན་རེ་སྐོང་བསྟན་དགྲ་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །)ན་མོ་པདྨ་མ་ཧཱ་ཀྲོ་ངྷ་ཡ། (ལུང་བཙན་སྲོག་གི་སྤུ་གྲིའི་ཕྲིན་ལས་ལ་འཇུག་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་ཚུལ་བཞིན་འདུ་བགྱིས་པའི་སྲོག་རྟེན་བླ་རྡོ་དང་། དམར་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་སོགས་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་ཚར་དུ་དངར་བས་མཛེས་ཤིང་བརྗིད་ཆགས་པར་བཤམ་ལ། རང་ཉིད་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས། མཆོད་གཏོར་རྣམས།) རཾ་ཡཾ་ཁཾ་(གིས་བསང་སྦྱང་།) སྟོང་པའི་ངང་ལས་དམར་གྱི་དུང་ཆེན་ལ་སོགས་པའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་གི་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུཾ། (ལན་གསུམ་གྱིས་བྱིན་བརླབ། མདུན་རྟེན།) ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ་(གིས་བསང་སྦྱང་།) སྟོང་པའི་ངང་ལས་མདུན་གྱི་ས་གཞི་བཙན་ཡུལ་ཟངས་ཐང་དམར་པོ་(1བ)ཡངས་ཤིང་རྒྱ་ཆེ་བ་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་རབ་འཇིགས་ཟངས་བྲག་དམར་པོ་རྩེ་མོ་གནམ་དུ་བསྙེགས་པ། སྟེང་ན་དུག་གི་སྤྲིན་ནག་འཁྲིགས་པ་ལས་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། སྐེད་པར་དུག་རླངས་ན་བུན་མུན་ལྟར་གཏིབས་པ། རྩ་བར་དཔའ་གཏུམ་གཅན་གཟན་སྣ་ཚོགས་ཀྱི་ངར་སྐད་གྲོགས་པ། ཕྱོགས་མཚམས་ཀུན་ཏུ་མེ་དུད་རླུང་ནག་འཚུབས་མར་འཕྱོ་བ། ཟངས་བྲག་དམར་པོ་དེའི་དབུས་སུ་བཙན་གྱི་བསེ་མཁར་སྨུག་པོ་ཟངས་ཀྱི་སྒོ་ཅན། རྨངས་གཞི་ལྕགས་དང་ཁ་བད་གསེར་ལས་བྱས་པ། གཡུ་ཡི་ལྕོག་ལ་རིན་པོ་ཆེའི་བ་གམ་སོགས་མཛེས་ཤིང་བརྗིད་པའི་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕོ་བྲང་ཆེན་པོ་དེའི་དབུས་སུ་ཏྲི་ཡིག་དམར་པོའི་འཕྲོ་འདུ་ལས་སྐྱེས་བུ་ལུང་བཙན་སྲོག་གི་སྤུ་གྲི་སྐུ་མདོག་དམར་ནག་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་ཅན་ཁྲོ་གཏུམ་འཇིགས་པའི་ཞལ་མཆེ་བ་ཟངས་ཡག་ཏུ་གཙིགས་ཤིང་སྤྱན་གསུམ་སྡང་མིག་ཁྲག་ཏུ་ཁོལ་བ། སྨ་ར་དང་སྨིན་མར་བསྐལ་པའི་གློག་སྟོང་འཁྱུག་ཅིང་ཁྲག་གི་རལ་པས་སྐུ་རྒྱབ་ཁེབས་པ། སྐུ་ལ་དར་(2ན)དམར་གྱི་བེར་དང་བསེ་ཡི་གོ་ཁྲབ་གསོལ་ཞིང་གསེར་གྱི་སྐེ་རགས་བཅིངས་པ། དབུ་ལ་བསེའི་རྨོག་ཞྭ་རིན་པོ་ཆེའི་ཕྲ་ཚོམ་གྱིས་བརྒྱན་པར་སྣ་ཚོགས་དར་གྱི་འཕྲུ་ཕོད་ལྡེམ་པ། སྟག་རལ་གཡས་དང་གཟིག་ཤུབ་གཡོན་དུ་འཕྱང་བ། དུག་རལ་སྤུ་གྲི་རེག་གཅོད་སྐེད་ལ་བརྟེན་པ། བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་བ། ཕྱག་གཡས་བསེ་མདུང་དར་དམར་གྱི་རུ་མཚོན་ཅན་གནམ་དུ་འཕྱར་ཞིང་། གཡོན་པས་བཙན་གྱི་ཞགས་དམར་དགྲ་ལ་འཕེན་པ། ཆིབས་སུ་བཙན་རྟ་དམར་པོ་རླུང་གི་གཤོག་པ་ཅན་གསེར་སྒ་དངུལ་ཡོབ་ཟངས་སྲབ་གཡུ་མཐུར་སྦྲུལ་ནག་གི་གོང་སྨེད་བྱས་པ་ལ་བཅིབས་ཏེ་སྲིད་པའི་རླུང་དམར་བཞིན་བསྐྱོད་པས་སྟོང་གསུམ་ཡུད་ཀྱིས་བསྐོར་བ། སྟེང་ན་བཙན་བྱ་ཤ་ཟན་མང་པོ་འཕུར་ལྡིང་གཡོ་བ། ལོགས་ལ་བཙན་ཁྱི་ཁྲག་འཐུང་མང་པོ་ཉིལ་མར་རྒྱུ་བ། མདུན་དུ་སྲོག་གཅོད་ཤན་པ་གྲི་ཐོགས་སྟོང་སྡེ་ལས་ལ་རྔམས་པ། རྒྱབ་ཏུ་དབུགས་ལེན་བདུད་པོ་རལ་བསིགས་འབུམ་སྡེས་རྐན་སྒྲ་རྡེབ་པ། ཕྱོགས་མཚམས་སུ་བཙན་འཁོར་བྱེ་བ་འབུམ་སྡེའི་དམག་ཚོགས་སྐྱི་སེར་བཞིན་འཚུབས་པས་ས་དང་(2བ)བར་སྣང་ཐམས་ཅད་ཡོངས་སུ་གང་བར་གྱུར། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་ཏྲི། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ནུབ་ཕྱོགས་བཙན་ཡུལ་ཟངས་ཐང་དམར་པོ། འུ་ཡུག་ཤངས་ཀྱི་བྲེ་མོ་ལུང་། གཙང་གི་གཡས་རུའི་བྲག་དམར། བསམ་ཡས་པེ་ཧར་དཀོར་མཛོད་གླིང་། བུམ་ཐང་སྐྱིད་ཀྱི་རི་བོ། བྲག་དམར་སྒོ་མོའི་ཕོ་བྲང་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་དམ་ཅན་དགྲ་ལྷའི་རྒྱལ་པོ་འཁོར་དངབཅས་པ་མཁའ་ལ་གློག་དམར་འཁྱུགས་པ་བཞིན་སྐད་ཅིག་གིས་མདུན་དུ་སྤྱན་དྲངས་པར་(བསམ་ལ། གུ་གུལ་ཚིལ་ཆེན་སོགས་སྦྱར་བའི་སྤོས་སྲིན་བཏུལ། རོལ་མོའི་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱི་ང་རོའི་འགྱུར་བ་དང་བཅས་པས།) ཀྱཻ། བཙན་རྒོད་ཆེན་པོ་དྲག་རྩལ་ཅན། །ཁྱོད་ཀྱི་བཞུགས་གནས་བསམ་མི་ཁྱབ། །འཛམ་གླིང་གངས་ཅན་བོད་ཡུལ་གྱི། །ཡུལ་གླིང་རེ་ལ་ཕོ་བྲང་རེ། །སྟོད་ཀྱི་བཙན་ཡུལ་ག་གི་ན། །ཡ་གི་སྒོ་མོ་བྲག་དམར་ན། །བྲག་དམར་གནམ་དུ་ཟངས་སེ་ཟང་། ཁྲག་མཚོ་དམར་ནག་ཀྱི་ལི་ལི། །གཡུ་མཚོ་འོད་དུ་ལམས་སེ་ལམ། རྩེ་ན་ན་བུན་ཐུ་ལུ་ལུ། །སྟོད་ན་(3ན)བྱ་རྒྱལ་ལང་མ་ལིང་། །ལོགས་ལ་ཁྱི་སྤྱང་ཁྲལ་མ་ཁྲོལ། །ཟུར་ལ་ཁུ་འཕང་ཤ་ར་ར། བཙན་བྱ་ཤ་སྐད་ལྷངས་སེ་ལྷང་། །དེ་འདྲའི་གནས་མཆོག་ཡ་མཚན་ན། །རྗེ་བོ་བཙན་གྱི་རྒྱལ་པོ་སྟེ། །སྐྱེས་བུ་ལུང་བཙན་དེ་ན་བཞུགས། །རིན་ཆེན་མཛེས་པའི་བཙན་མཁར་འདིར། །འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ། །ཆུམ་ཆུམ་ཆུམ་ལ་གནས་འདིར་ཆུམ། །འདུར་འདུར་འདུར་གྱིས་གནས་འདིར་བྱོན། །འཁོར་བཅས་ཐམས་ཅད་རྟེན་ལ་བཞུགས། །བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ (ཞེས་སྤྱན་དྲངས་ལ་བཞུགས་སུ་གསོལ།) ཀྱཻ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ ། བར་དུ་རྒྱལ་དབང་པདྨ་འབྱུང་། །ཐ་མ་རིག་འཛིན་བརྒྱུད་པའི་བཀའ། །ད་ལྟ་སྔགས་འཆང་བདག་ཅག་གིས། །བསྐུལ་ཞིང་སྦྲན་ནས་དམ་བསྒྲགས་ན། །གཡར་རམ་གཉན་པོ་རྗེས་དགོངས་ལ། །མ་གཡེལ་བཅོལ་བའི་ལས་སྒྲུབས་ཤིག །ཤུ་ལ་རཱ་ཙ་ཏྲིག་ནན་ས་མ་ཡ་ན་ར་ཀན། (ཞེས་དམ་ལ་བཞག །)ཀྱཻ། བཙན་རྒོད་ཆེན་པོ་འཁོར་བཅས་ལ། །དགྱེས་པའི་མཆོད་སྤྲིན་འབུལ་བ་ནི། །དངོས་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི། །ཉེར་སྤྱོད་འདོད་ཡོན་(3བ)བསམ་མི་ཁྱབ། །མཐུན་རྫས་གཏོར་མ་རི་དབང་རྩེར། །དཀར་དམར་ཤ་ཁྲག་ཟླ་ཉིས་མཛེས། །འཆི་མེད་བདུད་རྩི་བ་ལིང་ཏ། །ཉམས་པ་བསྒྲལ་བའི་རཀྟའི་མཚོ། །ནང་འཁྲོལ་མཱཾ་སའི་འདམ་རྫབ་ཅན། །སྲོག་དབུགས་དབང་པོ་ལྔར་བཅས་པས། །ལས་མཁན་ཆེན་པོ་དགྱེས་པར་མཛོད། །ཨོཾ་བཛྲ་ཨརྒྷཾ་པདྱཾ་(སོགས་ནས་)ཤཔྡ་རཱུ་པ་(ནས་)སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཨོཾ་བྱི་ནུ་ཙ་ན་ས་མཡ་རཀྴ་ཀུ་རུ་ཙ་ར་ན་ཧུ་ན་ཧུ་ན་རུ་ཙ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། (ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ།) མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་བཙན་རྒོད་སྲོག་གི་སྤུ་གྲི་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །མཆོད་དོ། །དགྱེས་ཤིང་ཚིམ་པར་མཛོད་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། བླ་མའི་སྐུ་ཚེ་སྲིངས། དགེ་འདུན་གྱི་སྡེ་སྐྱོངས། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་རྐྱེན་ངན་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་པ་དང་། ཁྱད་པར་དུ་སྙིང་པོའི་བསྟན་པ་ལ་གནོད་པའི་དགྲ་བགེགས་གདུག་པ་ཅན་རྣམས་(4ན)དྲག་པོའི་ལས་ཀྱིས་ཚར་གཅོད་པའི་ཕྲིན་ལས་དང་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། (ཞེས་འདོད་དོན་གསོལ།) ཀྱཻ། སྔོན་ཚེ་བསྐལ་པའི་དང་པོ་ལ། འཛམ་གླིང་བྱང་ཕྱོགས་ནོར་བུའི་གླིང་། །ཡབ་ནི་མུ་རྗེ་བཙན་པོ་ལ། །ཡུམ་ནི་ཨུཏྤལ་རྒྱན་གྱི་སྲས། །ཚངས་པར་སྤྱོད་པ་ཉམས་པ་ལས། །རྐྱེན་ངན་སྨོན་ལམ་དམོད་པའི་འབྲས། །དམུ་རྗེ་རྡོ་རྗེ་ལེགས་པ་དང་། །བཙན་རྗེ་ཟླ་བ་ཐོད་དཀར་གྱི། །སྲས་དང་སྲས་མོ་གཉིས་སུ་སྐྱེས། །བཙན་ཡུལ་ཟངས་ཐང་དམར་པོ་ཡིས། །ཟངས་བྲག་སྨུག་པོར་གནས་བཅས་ཏེ། །གཙང་གི་རོང་ཆེན་མན་ཆད་ནས། །འཇང་གི་ས་ཐམ་ཡན་ཆད་ཀྱི། །ལྷ་འདྲེ་རྣམས་ལ་མངའ་དབང་བསྒྱུར། །སྐྱེ་འགྲོའི་སྲོག་གི་བདག་པོར་གྱུར། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །དམ་བཏགས་བཀའ་ཡི་སྲུང་མར་བསྐོས། །གཙུག་ལག་ཆོས་འཁོར་སྐྱོང་བའི་ཚེ། །གནོད་སྦྱིན་ཙིའུ་དམར་པོར་གྲགས། །སྦས་ཡུལ་དབེན་གནས་སྲུང་བའི་ཚེ། །ལྷོ་བཙན་ཨ་ཕོ་ཆེན་པོར་གྲགས། །ཟབ་གཏེར་བསྟན་པ་བསྲུང་བའི་ཚེ། ལུང་བཙན་སྲོག་གི་སྤུ་གྲིར་གྲགས། །གཏུམ་རྔམས་འབར་བ་སྤུན་བདུན་སོགས། །གྲངས་མེད་སྦྲུལ་པ་ཕོ་ཉར་འགྱེད། །(4བ)ཀུན་ཀྱང་མི་དམར་རྟ་དམར་ཅན། །ལག་ན་མདུང་ཞགས་ནོར་བུ་ཐོགས། །དམག་ཆས་བསྭོ་སྒྲ་དི་རི་རི། །རྣལ་འབྱོར་སྒྲུབ་པའི་ཕྲིན་ལས་མཛད། །མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །(ཅེས་བསྟོད། བཟླས་པ་བྱ་བར་འདོད་ན།) བཙན་རྒོད་ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲི་དམར་པོའི་མཐར་སྲོག་གི་སྙིང་པོས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ་ཞིང་། (གོང་ནོན་གྱི་བཟླས་པ་སྔོན་དུ་འགྲོ་བས།) ཨོཾ་བྱི་ནུ་ཙ་ནས་མ་ཡ་རཀྵ་ཀུ་རུ་ཙ་ར་ན་ཧུ་ན་ཧུ་ན་རུ་ཙ་ཙིཏྟ་ཧྲཱིཾཿ ཧྲཱིཾཿཛ་ཛཿ (ཞེས་བཟླ། རྦད་ཅིང་བསད་པ་ལ་སོགས་པའི་སྔགས་གཞན་ཡང་སྣང་མོད། དཀྱུས་སུ་འདི་ཙམ་གྱིས་ཆོག་གོ། ཐུགས་དམ་བསྐང་ཞིང་ཕྲིན་ལས་བཅོལ་བའི་རིམ་པ་གཞན་བྱ་བར་འདོད་ནའང་ཇི་ལྟར་རིགས་པར་བྱ། དོ་གལ་གྱི་ཚེ་དྲག་པོའི་ལས་ལ་བསྐུལ་བ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པར་དགྲ་བོ་དགུག་བསྟིམ་བདུད་རྩིར་སྤར་བ་བསྟབ་ནས།) ཀྱཻ། དྲེགས་པ་ཀུན་གྱི་གཙོ་བོ་ནི། །བཙན་རྒོད་ཆེན་པོ་མ་རུངས་པ། །ལས་མཁན་བཙན་དམག་བྱེ་བར་བཅས། །གནད་ནས་བསྐུལ་ལོ་དུས་ལ་བབ། །དམ་ཉམས་དགྲ་བོའི་སྟེང་དུ་རྒྱུག །ཟ་ཁ་གནོད་བྱེད་སྟེང་དུ་ཕྱེས། །བདག་ལ་སྡང་བའི་དགྲ་བོ་འདིའི། །(5ན)གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་རྟེན་ཕུར་ཕྱུང་ལ་ཤོག །ལྷ་སྲུང་བདུད་དུ་ཕོབ་ལ་ཤོག །ཉེ་བ་དགྲ་རུ་སློང་ལ་ཤོག ། ཁ་ཟས་དུག་ཏུ་བསྒྱུར་ལ་ཤོག །ལེགས་པའི་བྱ་བ་བཤོལ་ལ་ཤོག །ཉེས་པའི་བྱ་བ་བསྒུལ་ལ་ཤོག །སྲོག་གི་མར་མེ་སོད་ལ་ཤོག །དབུགས་ཀྱི་རྒྱུན་ཐག་ཆོད་ལ་ཤོག །ལུས་ཀྱི་ཁང་ཁྱིམ་བཤིག་ལ་ཤོག །རྗེས་མེད་རྡུལ་དུ་བརླག་ལ་ཤོག །ཤ་ཁྲག་དམར་གཡོས་རོལ་ལ་ཤོག །མ་ཟད་བར་དུ་ཡི་དམ་མགུ། །མ་སྟོང་བར་དུ་སླར་མ་ལྡོག །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །(ཞེས་གཏོར་མ་དགྲ་ཕྱོགས་སུ་འཕེན་ཅིང་ཐལ་མོ་བརྡབ། འདི་ནི་གར་ཐོད་ཐོད་དུ་མི་བྱ་སྟེ་རང་ལ་ལྡོག་པ་ཡིན་ནོ། །མཐར་གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་རྟེན་ལ་བསྟིམ་ཞིང་དམ་ཚིག་པ་རང་ལ་བསྡུ། དགེ་བ་བསྔོ་ཞིང་ཤིས་པར་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་ངེས་གསང་སྙིང་པོའི་རིང་ལུགས་ལ་གཡར་དམ་དུ་མཛད་པ་མཁྱེན་བརྩེའི་བདག་ཉིད་དྲག་ཤོས་ཕུན་ཚོགས་དབང་འདུས་ཀྱི་གསུང་གིས་བསྐུལ་བ་ལས། རྗེ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་ཟླའི་ཤེར་ཕྱོགས་ཀྱི་རྒྱལ་བ་དང་པོར་བུམ་ཐང་དཔལ་རིའི་བཀྲ་ཤིས་པདྨ་གླིང་དུ་སྦྱར་བ་ཛ་ཡནྟུ།། །།)