TTDL-ZABTER-09-TA-017

From Dudjom Wiki
Revision as of 14:26, 15 August 2024 by Mort (talk | contribs)

TTDL-ZABTER-09-TA-017
Wylie title TTDL-ZABTER-09-TA-017.pdf
Location bdud 'joms gling pa zab gter
Volume 9, Text 17, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung dam can
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༡༠༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པ་ཡི༔ དཀྱིལ་འཁོར་རྟེན་གྱི་བཅའ་ཐབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༠༣དམ་ཅན་རྡོ་རྗེ་ལེགས་པ་ཉིད༔ བསྒྲུབ་ནས་དགྲ་བོ་བསྒྲལ་འདོད་ན༔ དཀྱིལ་འཁོར་མདའ་གང་གྲུ་བཞི་པའི༔ ཁ་ཁྱེར་མཐོ་ལ་དམར་པོ་བྱ༔ ནང་རིམ་ནག་པོ་བྱས་པ་ཡི༔ དབུས་སུ་བྲུབ་ཁུང་གྲུ་གསུམ་པའི༔ རྒྱུ་ནི་ཕུང་ས་གཡུལ་ཉེས་ས༔ རབ་ཆད་ཤུལ་སྟོང་ཁང་ཞིང་ས༔ ས་རལ་རི་བསྙིལ་དག་གི་ས༔ ཁྲག་ནི་གང་རྙེད་བསགས་དང་བསྲེས༔ དུག་གི་ཕ་མ་བུ་གསུམ་གྱིས༔ སྦག་ནས་གྲུ་གསུམ་འདག་གཞལ་བྱ༔ ནང་དུ་མིང་རུས་གཟུགས་ཚང་བའི༔ ལིང་ག་རོ་གཟུགས་བྲིས་པ་འཕང་༔ དེ་ཡི་སྟེང་དུ་མཉྫིའི་ཁྲིའི༔ སྟེང་དུ་ལྕགས་མཁར་སུམ་ཐོག་ལ༔ སྲོག་འཁོར་དང་ནི་སྐུ་གཟུགས་བཙུགས༔ དར་ཟབ་རས་སྣ་དག་གིས་བརྒྱན༔ ར་ཤ་ཁྲག་གིས་བརྒྱན་ཅིང་བྱུག༔ ཐུན་རྫས་སྣ་ཚོགས་དཔྱང་བར་བྱ༔ མཁར་ཐབས་ཚང་བའི་ནམ་མཁའ་བཙུགས༔ དེ་ཡང་ཚོན་སྐུད་ཁ་དོག་གི༔ ཁ་དོག་སྡེབ་ནས་མཛེས་པར་བྱས༔ བྲུབ་ཁུང་ཁ་ཁེབ་གཡམ་པ་ལ༔ བྱ་རོག་འུག་པའི་ཁྲག་གིས་བྱུག༔ ཡང་ན་རས་དུག་ནག་པོས་བྱུག༔ འོག་ཏུ་རྡོ་རྗེ་རྒྱ་གྲམ་བྲིས༔ སྟེང་དུ་གཡུང་དྲུང་རིས་སུ་བཀོད༔ ཐ་མར་རྩང་གི་ར་བས་བསྐོར༔ དེ་མཐར་དམར་གཏོར་བརྒྱད་ཀྱི་ནང་༔ སྡེ་བརྒྱད་སྔགས་ཀྱི་གཟུངས་འཛུག་གཞུག༔ སྡེ་བརྒྱད་སྐུ་གཟུགས་ཙཀླི་བཙུགས༔ དེ་མཐར་མཚོན་ཆ་ཐུན་ཟོར་རིགས༔ ཚང་ན་དངོས་དང་མ་ཚང་ན༔ ཤོག་བུར་བྲིས་ཤིང་མིང་ཡིག་བྲིས༔ མདའ་དར་མདུང་དར་མང་པོ་བཙུགས༔ སྡོང་བུ་བརྒྱད་ལ་དུག་ཁྲག་གིས༔ དགྲ་བོའི་མིང་རུས་བྲིས་ཏེ་དྲིལ༔ ཚེ་ཟད་གསུམ་ལ་རྒྱུ་བསྐུས་བཙུགས༔ དེ་ལ་ར་ཡི་ཚིལ་བྱུག་ནས༔ ཁྱི་ཁྲག་དུག་གསུམ་བསྲེས་པ་བཞག༔ ཉི་ནག་གམ་ནི་ཟེར་དགུ་ཡི༔ ཉི་མ་དམར་ཐག་ཆད་པའི་ཚེ༔ ཏྲི་བཛྲ་ས་དྷུ་ས་མ་ཡ༔ ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་ཛ་ཛཿཨ་མུ་ཀའི་ཙིཏྟ་རྨུག་རྨུག༔ ཙིཏྟ་གཏུབ་གཏུབ༔ སྲོག་ལ་ཧུར་ཐུམ་རྦད་རྦད༔ ཡ་མ་ར་ཙས་དགྲ་བོའི་སྲོག་ཆོད༔ ཤ་དབུགས་སྲོག་ལ་ཡམ་ཤུ་ཛཿཀཱ་ལ་དུ་པ་ར་ཙས་ནྲྀཿཨ་མུ་ཀ་ཧུར་ཐུམ་རྦད་རྦད༔ མཱ་ར་ཡ༔ རྨུག་རྨུག༔ ཐིབ་ཐིབ༔ སོད་སོད༔ ནཱ་ག་རཀྴ་དགྲ་བོའི་བླ་ཤ་རེ་མ་ཏི་ཁུག་ཁུག༔ ཤ་མ་རི་ཏི་སོད་སོད༔ ཤ་མ་རི་ཏི་ནན་ནན༔ ཤ་མ་རི་ཏི་ཁྱེར་བྷྱོ༔ ཤ་མ་རི་ཏི་ཧུར་ཐུམ་རྦད༔ ཅེས་བརྒྱ་བརྗོད་མཐར་མེ་སྦར་ཏེ༔ བརྒྱ་བརྗོད་ནས་དུག་ཁྲག་གིས་བསད་དོ༔ ཐོག་མར་འགུག་གཞུག་བརྒྱ་རྩ་བརྒྱད་བྱའོ༔ ཤ་ཁྲག་མཆོད་པ་ཅི་འབྱོར་བཤམས༔ གཡག་ལུག་ར་ཡི་གཟུགས་བྱས་བཤམས༔ གཞན་ཡང་དཔལ་བཤོས་མང་པོས་བསྐོར༔ བཤམས་པའི་གཏོར་མ་སྒྲུབ་རྫས་རྣམས༔ ལྷ་ཚོགས་རྣམས་སུ་བསྐྱེད་གསལ་གྱིས༔ ངང་ནས་བཟླས་པ་གནད་དུ་ཤེས༔ ཐུན་མཚམས་དག་ཏུ་བླ་འགུག་ལ༔ འབད་ཅིང་བསྟིམ་པ་གནད་དུ་བཟུང་༔ སྔགས་སྒྲ་ཆུ་བོའི་རྒྱུན་བཞིན་དུ༔ བར་མ་ཆད་པར་བཟླས་པ་གལ༔ ཞི་སྒྲུབ་དུས་སུ་རྨི་ལྟས་ནི༔ དུད་འགྲོ་བཀོལ་ཞིང་བཏུལ་བ་དང་༔ ཕ་རོལ་མངའ་འོག་སྡུད་པ་དང་༔ མི་བཟང་དག་ལ་ཤག་རོག་བྱེད༔ ཞིང་རྨོ་ལོ་ཏོག་ལེན་པ་དང་༔ ཡུལ་གྲུ་མང་པོ་ཁ་ལོ་བསྒྱུར༔ མཚོན་ཆ་རྣོན་པོ་རྙེད་ལེན་དང་༔ གོ་ཁྲབ་བཙན་པོ་རྙེད་པ་དང་༔ གཞན་གྱིས་བཀུར་སྟི་བྱེད་རྨི་ན༔ ལྷ་ཡི་འགྲུབ་རྟགས་ཚད་མའོ༔ གཅན་གཟན་ཞོན་ཅིང་ཕྱོགས་སུ་རྒྱུ༔ རི་རྩེ་མཐོ་སར་སླེབ་རྨི་ན༔ གྲུབ་པའི་རྟགས་སུ་ཤེས་པར་བྱ༔ ཤེས་པ་བྱིང་རྨུག་འཐིབ་པ་དང་༔ སེམས་འཚུབ་སྙིང་རླུང་སྙིང་མི་དགའ༔ སྡོད་སར་མི་ཚུགས་བྱ་སྤྱོད་མང་༔ ནད་དྲག་བྱུང་ངམ་ཟུག་རྔུ་མང་༔ འདི་དག་འཁུ་ཞིང་ལྡོག་པའི་ལྟས༔ དམ་བསྒྲག་མནའ་ཡི་ཆུ་བྲན་ནས༔ སྲོག་གཟེར་དམ་བསྲེ་གནད་དུ་བྱ༔ སྲུང་མ་འགྲུབ་པའི་རྟགས་བྱུང་ཚེ༔ དགྲ་བོ་ནམ་བྱུང་མ་བསྐུལ་ན༔ སྲུང་མ་དྲེད་པས་ལས་མི་འགྲུབ༔ དགྲ་བྱུང་དུས་སུ་འབོད་རྦད་དང་༔ བསད་པའི་ལས་ཀ་མ་བཅོལ་ན༔ སྲུང་མ་གསོལ་བས་ལས་མི་འགྲུབ༔ གསོལ་མཆོད་མང་པོའི་གྲངས་ཐལ་ཡང་༔ ཏིར་ཏིར་སྔགས་ཀྱིས་མ་སྒྲུབ་ན༔ སྲུང་མ་འགྱངས་ནས་ལས་མི་འགྲུབ༔ ལྷ་ནི་ཡབ་ཡུམ་ཟུང་འབྲེལ་ན༔ མ་བསྒོམ་མ་སྒྲུབ་པའི་སྐྱོན་གྱིས༔ སྲུང་མ་སྐྱེང་དང་ལས་ལ་བུལ༔ དམ་ཉམས་དམེ་མནོལ་མཛེ་ཡུག་དང་༔ རབ་ཆད་དག་གི་གྲིབ་ལ་འཛེམ༔ ར་ཕོ་རྒྱན་ལྡན་ནོར་དུ་བསྲེལ༔ དཀྱིལ་འཁོར་གཏོར་མ་སྒྲུབ་རྫས་དང་༔ སྒྲུབ་གནས་ལྷར་བཅས་གསང་བར་བྱ༔ དམ་ཅན་དམ་ལས་མི་ལྡོག་ཕྱིར༔ རྣལ་འབྱོར་དམ་ཚིག་གཙང་བ་གནད༔ འདི་སྒྲུབ་སྐྱེས་བུ་དམ་པ་རྣམས༔ བླ་མ་ལ་གུས་བསྟན་ལ་སེམས༔ དགེ་འདུན་ཡོངས་ཀྱི་ཆེད་དུ་བསྒྲུབ༔ དེ་ཡིས་མི་རིང་མྱུར་དུ་འགྲུབ༔ དམ་ཉམས་དག་གིས་བསྒྲུབ་ན་ཡང་༔ དམ་ཅན་སྒྲུབ་པ་དཀའ་ལས་ཡོད༔ དེ་ཕྱིར་དམ་ཚིག་སྲོག་ཏུ་ཟུངས༔ དཀྱིལ་འཁོར་གྲུབ་མཐར་བསད་པ་དང་༔ ཆབ་བྱུང་རྟེན་འཛུག་རྫོགས་པར་བྱས༔ དེ་ནས་འདི་བརྗོད་རབ་གནས་བྱ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པའི་བདེན་པ་དང་༔ ཀུན་རྫོབ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་སྟོབས་ཀྱིས་དམ་ཅན་རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཡང་འཁོར་ལྷ་སྲིན་སྡེ་བརྒྱད་བཀའ་འཁོར་བྲན་གཡོག་དང་བཅས་པ་ཐམས་ཅད་བདག་གིས་མི་འབྲལ་བའི་གྲོགས་སུ་འགྲུབ་པར་གྱུར་ཅིག༔ དབང་དུ་འདུ་ཞིང་བྲན་དུ་ཁོལ་བར་གྱུར་ཅིག༔ ཅི་བསམ་པའི་དོན་སྒྲུབ་ཅིང་ཅི་བསྒོས་པའི་བཀའ་ཉན་པར་གྱུར་ཅིག༔ ཅེས་ལན་གསུམ་རེ་མ་ཆགས་པར་བརྗོད་མཐར་སྨོན་ལམ་འགྲུབ་པའི་བདེན་བརྗོད་སྔགས་བཅས་མང་པོ་བྱའོ༔ དེ་ཡིས་བཀའ་སྲུང་ངེས་པར་འགྲུབ༔ ཕ་མ་བུ་ཚ་བཞིན་བརྩེ་བས༔ ཕྲིན་ལས་ཐམས་ཅད་འགྲུབ་འགྱུར་ཏེ༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་ལྔ་འདས་པའི་དུས་སུ་རང་སློབ་དམ་པ་ཨོ་རྒྱན་རྡོ་རྗེས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པའང་དེ་ཀའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།