TTDL-ZABTER-09-TA-031

From Dudjom Wiki
Revision as of 14:36, 15 August 2024 by Mort (talk | contribs)

TTDL-ZABTER-09-TA-031
Wylie title TTDL-ZABTER-09-TA-031.pdf
Location bdud 'joms gling pa zab gter
Volume 9, Text 31, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung btsan rgod skya bdun
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠བརྡ་ཡིག༢༡༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་ལེན་དམར་པོའི་སྒྲུབ་པ་དངོས་གྲུབ་བང་མཛོད་བཞུགས༔ ༠༠༠༠༠བརྡ་ཡིག༢༢༠ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༢༠སྒྲུབ་རྫས་བླ་རྡོ་རྫས་ལྡན་དང་༔ བཤོས་བུ་དམར་ནག་བདུན་བསྐོར་དང་༔ བསྐང་དང་མཆོད་པའི་རྫས་མཆོག་ནི༔ མེད་མི་རུང་བ་ཤ་དང་ཁྲག༔ གཞན་ཡང་བཟའ་བཏུང་གང་འོས་བཤམས༔ མདའ་དར་མདུང་དར་དམར་པོ་བརྒྱར༔ ཤ་ཆེན་ཚིལ་ཆེན་བྱ་བ་དང་༔ ར་ཕོ་གཡག་གི་ཤ་ཚིལ་གསུར༔ རྒྱུན་མི་འཆད་པ་གནད་དུ་ཟུང༔ ཨོཾ་སྭ་བྷཱ་ཝ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་མདུན་དུ་ཟངས་ཐང་དམར་པོ་འོད་དམར་རབ་ཏུ་འཁྲིགས་པའི་དབུས་སུ་ཟངས་མཁར་དམར་པོ་འོད་འབར་བ་རྩེ་མོ་མཐོ་ཞིང་དགུང་ལ་སྙེགས་པའི་ནང་དུ་ཁྲག་མཚོ་དམར་པོ་རྦ་ཀློང་འཁྲིགས་པའོ༔ ཁྲག་ལྦུའི་ཀློང་དུ་མི་རོ་རྟ་རོ་རྙིལ༔ དེ་སྟེང་ཙཿཏྲིཿརུཿཡིག་བརྩེགས་མར་བབས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད་པས་མཉེས༔ རྒྱལ་དང་རྒྱལ་སྲས་སྲུང་མར་བཅས་པ་ཀུན༔ འོད་དམར་རྣམ་པར་བསྡུས་ཏེ་ཡི་གེར་ཐིམ༔ མར་འཕྲོས་དགྲ་བགེགས་གནོད་བྱེད་མ་ལུས་བསྒྲལ༔ སྣོད་བཅུད་འབྱུང་བའི་ཚེ་བསོད་མཐུ་ནུས་ཀུན༔ ཚུར་འདུས་ཡི་གེ་གསུམ་ལ་ཐིམ་པ་ཡིས༔ ཙཿལས་ལུས་སྐྱེས་རུཿལས་ངག་སྐྱེས་ཏེ༔ ཏྲིཿལས་ཡིད་གྲུབ་གནོད་སྦྱིན་ཙི་མ་ར༔ དམར་ནག་ཁྲོ་གཏུམ་སྤྱན་གསུམ་སྡང་མིག་བསྒྲད༔ སྐུ་ལ་ཟངས་ཁྲབ་དབུ་ལ་ཟངས་རྨོག་གསོལ༔ ཕྱག་གཡས་བཙན་མདུང་གཡོན་པས་བཙན་ཞགས་བསྣམས༔ སྟག་རལ་དང་ནི་གཟིག་ཤུབ་སྐེད་ལ་བསྐོར༔ མེ་རྟ་དམར་པོ་ཆིབས་ཤིང་ཀུན་ཏུ་རྒྱུ༔ མི་དམར་སྔོན་རྒྱུག་བྱ་དམར་ཀླད་ན་ལྡིང་༔ ཁྱི་དམར་རྗེས་འབྲང་སྤྲུལ་པའི་ཕོ་ཉེར་འགྱེད༔ སྤྲུལ་པ་བཙན་རྒོད་རང་འདྲ་བདུན་གྱིས་བསྐོར༔ དེ་མཐར་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ སྣང་སྲིད་དྲེགས་པའི་ཕོ་མོའི་ཚོགས་ཀྱིས་བསྐོར༔ གནས་གསུམ་ཡིག་འབྲུ་གསུམ་དང་ཐུགས་སྲོག་ལས༔ འོད་འཕྲོས་སྣང་སྲིད་དྲེགས་པ་སྤྱན་དྲངས་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཀྱཻ༔ གནོད་སྦྱིན་རྒྱལ་པོ་ཙི་མ་ར༔ སྤྲུལ་པ་བཙན་ཆེན་རོལ་པ་བདུན༔ ཡུམ་དང་སྡེ་བརྒྱད་དྲེགས་པའི་ཚོགས༔ དད་དང་དམ་ཚིག་དབང་གིས་འབོད༔ གནོད་སྦྱིན་ཡུལ་ནས་གཤེགས་སུ་གསོལ༔ བཙན་གྱི་ཡུལ་ནས༴འབྱུང་ལྔའི་དབྱིངས་ནས༴བྷ་དྷ་ཧོར་ནས༴ཤམ་བྷ་ལ་ནས༴དཀོར་མཛོད་གླིང་ནས༴དབུ་རུ་ཞྭ་སོགས་འཛམ་གླིང་གི༔ ཆོས་འཁོར་གཙུག་ལག་དབེན་གནས་དང་༔ སྒྲུབ་གནས་ཀུན་ནས་གཤེགས་སུ་གསོལ༔ ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་ལ༔ ཀྱཻ༔ བསྒྲུབ་ཅིང་བརྟེན་པའི་གནས་མཆོག་འདིར༔ སྐྱེས་བུ་འཁོར་བཅས་བཞུགས་སུ་གསོལ༔ བསྟན་པ་བསྲུང་ཕྱིར་ཕྱག་ཀྱང་འཚལ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཕྱི་ནང་གསང་མཆོད་སྣ་ཚོགས་དང་༔ ཁྱད་པར་དགྲ་བོའི་ཤ་ཁྲག་རུས༔ སྲོག་དབུགས་དཀོར་དང་བཅས་པ་འབུལ༔ ལྷག་མ་མེད་པར་ཧབ་ཐོབ་རོལ༔ བདག་ལ་སྡང་བའི་དགྲ་དང་བགེགས༔ མ་ལུས་མི་འགྱང་རྡུལ་དུ་རློག༔ དམ་ལ་མ་འདའ་ས་མ་ཡ༔ ཤུ་ལ་ཏྲི་སརྦ་ས་པ་རི་ཝཱ་ར་མ་ཧཱ་ཨརྒྷཾ་པཱདྱཾ་པུཥྤེ༴ཤཔྡ་པཱུ་ཛ་ཧོཿསརྦ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿབདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གཟུགས་མེད་དགྲ་བགེགས་རྒྱལ་བསེན་ཐམས་ཅད་མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་ཆོད་ལ་གནོད་བྱེད་དེ་དག་ཐམས་ཅད་ཀྱི་མཱཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བ་སུ་ཏ་ལ་ཁཱ་ཧི༔ གོ་རོ་ཙ་ན་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ རྗེས་ཤུལ་ལྷག་མ་མེད་པར་བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་པདྨ་ཧེ་རུ་ཀའི༔ གང་འདུལ་ཐབས་ཀྱིས་གདུག་པ་འདུལ་བའི་ཕྱིར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་རོལ་པའི་གར༔ ཞིང་བཅུའི་སྲོག་གི་གཤེད་དུ་ལྷུན་གྱིས་གྲུབ༔ སྣང་སྲིད་འཇིག་རྟེན་ཁམས་ལ་མངའ་དབང་མཛད༔ རྒྱལ་བཙན་སྡེ་བརྒྱད་ཀུན་གྱི་རྒྱལ་པོ་སྟེ༔ གནོད་སྦྱིན་གཏེར་གྱི་བདག་པོ་འདོད་འབྱུང་གནས༔ སྐྱེས་བུ་རོལ་པ་སྐྱ་བདུན་ལས་ལ་འགྱེད༔ དབང་དྲག་དུས་ཀྱི་ཕོ་ཉ་དྲག་ཤུལ་ཅན༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་ཁྱོད་ལ་བསྟོད༔ སྐད་ཅིག་སྟོང་གསུམ་ཉུལ་ཞིང་ལས་ལ་རྒྱུ༔ དྲག་ཤུལ་སྟོབས་ཀྱིས་བསྟན་དགྲ་ཆོམ་ལ་འབེབས༔ ཀྭི་བསྭོ་ཆ་སྒྲས་སྣང་སྲིད་དྲེགས་པ་སྡུད༔ ལས་བྱེད་ཤན་པ་བསམ་ཡས་ལས་ལ་འགྱེད༔ གར་དམིགས་ཡུལ་ལ་སྐད་ཅིག་ཉིད་ལ་སླེབས༔ མྱུར་མགྱོགས་སྟོབས་ཀྱི་བདག་པོ་ཁྱོད་ལ་བསྟོད༔ བདག་དང་བདག་གི་ཉེ་འཁོར་ལོངས་སྤྱོད་དཀོར༔ ཆབ་སྲིད་བསྟན་པ་སྲུངས་ལ་དགྲ་འདྲེ་སྒྲོལ༔ རབ་འབྱམས་ཕྲིན་ལས་མ་ལུས་ཡོངས་འགྲུབ་མཛོད༔ བཀའ་དང་དམ་ལ་མ་འདའ་དམ་ཚིག་ཅན༔ ཞེས་མཐར་འབོད་སྔགས་འདི་གྲངས་མང་བརྗོད་ཅིང་དམིགས་གསལ་རྒྱུན་མི་འཆད་པར་བྱ་བ་གནད༔ ཙ་རུ་ཤུ་ལ་ཏྲི་བཛྲ་ས་མ་ཡ་ཛ་ཛཿབསྐང་གསོལ་གྲངས་མང་བརྗོད་ཅིང་སྐྱེམས་གཏོར་བཏང་༔ དེ་ལྟར་ཡིད་ལ་གསལ་བའི་ཏིང་འཛིན་གྱིས༔ རིང་པོར་མི་ཐོགས་བདུན་ཞག་བདུན་གྱིས་འགྲུབ༔ ནོར་འཕེལ་དབང་སྡུད་ཆེ་ཞིང་མཐུ་དཔལ་ཐོབ༔ ཡི་དམ་ལྷ་ཡི་བསྒོམ་བཟླས་གནད་ཐེབས་ན༔ གང་བསམ་ཅི་འདོད་རེ་བ་ཐམས་ཅད་སྐོངས༔ བཀའ་སྲུང་བཙན་རྒོད་འབར་བ་བདུན་ལ་གཏད༔ བཀའ་ལོག་དམ་ཉམས་ལག་ཏུ་མ་བཏང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་མཐར་སློབ་བུ་འཇིགས་མེད་དམ་ཆོས་ཀྱིས་ནན་དུ་བསྐུལ་ངོར་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་བདག་པོ་མཁྱེན་རབ་རྒྱ་མཚོའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།།།