TTDL-ZABTER-09-TA-035

From Dudjom Wiki
Revision as of 14:37, 15 August 2024 by Mort (talk | contribs)

TTDL-ZABTER-09-TA-035
Wylie title TTDL-ZABTER-09-TA-035.pdf
Location bdud 'joms gling pa zab gter
Volume 9, Text 35, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung btsan rgod skya bdun
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༢༤༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་ལེན་དམར་པོའི་བསྐུལ་བ་གནམ་ལྕགས་ཐོག་མདའ་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༤༩སྡང་བའི་དགྲ་བོ་མི་སྲུན་པས༔ ལ་ཡོག་ཐོག་དུ་བབ་པའི་ཚེ༔ བཙན་བཤོས་དམར་ནག་ཁྲག་གིས་བྱུགས༔ ཤ་དང་ཁྲག་མཆོད་མང་བཤམས་ཏེ༔ དྲག་བསྐུལ་འདི་ལ་ནན་ཆེར་འབད༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཛཿདཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བ་སྲས་དང་བཅས༔ དབྱིངས་ནས་དྲེགས་པའི་སྐུར་བཞེངས་ཤིག༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ བཀའ་སྲུང་ཆོས་སྐྱོང་དྲེགས་པ་ཅན༔ བསྐུལ་ལོ་དམ་ཚིག་གཉན་གྱིས་བསྐུལ༔ འབྱུང་བ་བཙན་གྱི་སྐུར་བཞེངས་ལ༔ གནོད་ཅིང་འཚེ་བའི་དགྲ་ལ་ཆོས༔ ཀྱཻ༔ གཙུག་ལག་འཕྲུལ་གྱི་ལྡིང་ཁང་ནས༔ གནོད་སྦྱིན་རྒྱལ་པོ་ཙི་མ་ར༔ མི་དམར་རྟ་དམར་བསེ་ཁྲབ་ཅན༔ འཕྲུལ་གྱི་མདའ་གཞུ་རྐེད་ལ་བསྐོར༔ མདུང་དམར་འདེབས་ཤིང་ཞགས་པས་བཅིང་༔ སྤྲུལ་པ་བཙན་ཆེན་འབར་བ་བདུན༔ འབྱུང་བའི་ཁམས་ལ་ཐོགས་མེད་རྒྱུ༔ མྱུར་མགྱོགས་རླུང་ལས་ཆེས་ལྷག་པ༔ མཐུ་རྩལ་ནམ་མཁའི་ཐོག་ལས་ཆེ༔ འཁོར་ནི་གནོད་སྦྱིན་རྒྱལ་པོ་དང་༔ ལྷ་འདྲེ་དྲེགས་པའི་སྡེ་དང་ཚོགས༔ སྐྱེ་འགྲོའི་སྲོག་དང་དབུགས་ཀྱི་བདག༔ ཆེ་བཙན་འགྲན་ཟླ་དང་བྲལ་བའི༔ བཙན་རྒོད་འབར་བ་འཁོར་དང་བཅས༔ བསྐུལ་ལོ་མྱུར་དུ་སྐུར་བཞེངས་ཤིག༔ བཅོམ་ལྡན་ཤཱཀྱ་ཐུབ་པ་དང་༔ གསང་བའི་བདག་པོ་རྡོ་རྗེ་ཅན༔ ཨོ་རྒྱན་པདྨ་ཐོད་ཕྲེང་སོགས༔ རིག་འཛིན་བརྒྱུད་པའི་བླ་མ་ཡིས༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ བསྐུལ་ལོ་རྦད་དོ་བཙན་གྱི་ཚོགས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ མྱུར་མགྱོགས་མཐུ་སྟོབས་རྩལ་ཤུགས་བསྐྱེད༔ མ་འགྱངས་དགྲ་ལ་དྲག་ཏུ་རྒྱུག༔ ནམ་མཁར་སྤྲིན་ལྟར་འཁྲིགས་ཤིང་སོང་༔ བར་སྣང་སྐྱི་བསིར་འཚུབས་བཞིན་སོང་༔ ས་གཞིར་ཐོག་མདའ་འབབ་བཞིན་སོང་༔ སྡང་བའི་དགྲ་བོ་ཆེ་གེ་མོར༔ མི་ཕྱུགས་དཀོར་དང་བཅས་པ་རྣམས༔ འབྲུ་དྲུག་སེར་བས་བཅོམ་པ་བཞིན༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ མར་མེ་རླུང་གིས་བསད་པ་ལྟར༔ གློ་བུར་ཉིད་དུ་ཧུར་ཐུམ་སོད༔ བླ་སྲོག་དོན་སྙིང་སྤར་གྱིས་ཐོབ༔ ཤ་ཁྲག་དྲོན་མོ་ཟས་སུ་རོལ༔ བསྲུང་བཟློག་རིམ་འགྲོའི་དུས་མ་སྒུག༔ ཐལ་བ་རླུང་གིས་གཏོར་བཞིན་ཐོངས༔ སྟེང་ནས་གནམ་གྱི་འཇུ་ཐག་ཆོད༔ འོག་ནས་ས་ཡི་རྟེན་ཕུར་ཕུད༔ བར་ནས་གནམ་སའི་འབྲེལ་ཐག་ཆོད༔ ནང་འཁྲུགས་འཐབ་མོ་བྱེད་དུ་ཆུག༔ སྐྱེས་པ་ཕོ་རྣམས་གྲི་རུ་སོད༔ སྙིང་རླུང་སྲོག་རླུང་དྲག་ཕོབ་ལ༔ མོ་རྣམས་རང་སྲོག་གཅོད་དུ་ཆུག༔ དགྲ་བོ་མ་ནོར་མ་ཤོར་བར༔ ས་ཡུལ་གཞན་ལ་འབྱམས་མ་བྱེད༔ མཐུ་དང་རྩལ་ཤུགས་མི་སྡུག་པར༔ དགྲ་སྲོག་དམར་པོ་མྱུར་དུ་ཆོད༔ སྔགས་མཁན་རང་ལ་མ་ལྡོག་པར༔ བསྟན་དགྲ་ཡོངས་ལ་ཟ་ཁ་སྟོན༔ ལོ་དང་ཟླ་བར་མ་འགྱངས་པར༔ ཞག་དང་ཟ་མའི་ཁོངས་འདིར་སོད༔ བླ་ཁུག་ལས་ཀྱི་ལིང་གར་ཕོབ༔ བླ་རྟགས་མྱུར་དུ་བསྟན་དུ་གསོལ༔ དོ་ནུབ་ཉིད་དུ་དགྲ་སྲོག་ཆོད༔ ང་ཡི་འདོད་དོན་ཡོངས་འགྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ ཤུ་ལ་ཏྲི་ཏྲི་ཤུ་ལ་ནཱ་ག་ཙནྡྷི་ར་ཙ་ཀིང་ཀ་ར་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ༔ དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ལ་མཱ་ར་ཡ་རྦད་རྦད༔ སོད་སོད༔ བྷྱོ་བྷྱོ༔ དམོད་བསྐུལ་འདི་ཉིད་ལན་མང་པོར༔ དྲག་ཅིང་རྩུབ་པའི་སེམས་ཀྱིས་བརྗོད༔ མཐར་ནི་བདེན་པའི་སྟོབས་བཟློག་བྱ༔ གཏོར་མ་དགྲ་ཡི་ཕྱོགས་སུ་འཕང་༔ གནད་དེས་གང་ལ་དམིགས་པའི་ཡུལ༔ བརླག་པར་འགྱུར་བ་གདོན་མི་ཟ༔ བཀའ་སྲུང་བཙན་རྒྱལ་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སློབ་བུ་འཇིགས་མེད་དམ་ཆོས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།