TTDL-ZABTER-09-TA-045

From Dudjom Wiki
Revision as of 14:41, 15 August 2024 by Mort (talk | contribs)

TTDL-ZABTER-09-TA-045
Wylie title TTDL-ZABTER-09-TA-045.pdf
Location bdud 'joms gling pa zab gter
Volume 9, Text 45, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung sde dgu
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
༠༠༠༠༠བརྡ་ཡིག༣༥༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་དམ་ཅན་སྡེ་དགུའི་སྒྲུབ་པ་དངོས་གྲུབ་གཏེར་བུམ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༣༥༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༥༦མ་འོངས་ལྔ་བརྒྱ་སྙིགས་མའི་དུས༔ སྙིང་ཐིག་འཛིན་པའི་ལས་ཅན་བུའི༔ ཟབ་ཆོས་ཡོངས་ཀྱི་སྲུང་མ་ཀུན༔ དྲིལ་སྒྲུབ་ཟབ་མོ་འདིར་བརྩོན་མཛོད༔ ལག་ཏུ་ལེན་པའི་རིམ་པ་ནི༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་སྟེང་༔ གཏོར་མ་ཆེ་དགུ་བཀོད་པ་ལ༔ དར་ཟབ་ཤ་ཁྲག་སྙིང་གིས་བརྒྱན༔ མཆོད་རྫས་ཉེར་སྤྱོད་འདོད་ཡོན་དང་༔ སྨན་གཏོར་རཀྟ་འབྲུ་སྣས་བསྐོར༔ འབུལ་རྫས་གཏོར་ཕྲན་ཟན་དུམ་དང་༔ སྐྱེམས་ཕུད་འབྱོར་ཚོགས་བཤམས་ནས་སུ༔ དང་པོ་ལྷ་བསྐྱེད་རིམ་པ་ནི༔ ཧཱུྃ༔ མ་བཅོས་སྐྱེ་མེད་ཆོས་སྐུའི་ཀློང་ཡངས་སུ༔ ལྷུན་གྲུབ་འགགས་མེད་ལོངས་སྐུའི་ཚོམ་བུ་ཤར༔ ཐུགས་རྗེ་རོལ་པ་ཡེ་ཤེས་སྒྱུ་མའི་སྐུ༔ སྲིད་ལས་རྣམ་པར་རྒྱལ་བའི་ཧེ་རུ་ཀའི༔ སྒྱུ་འཕྲུལ་གར་གྱི་རྣམ་རོལ་ཆུ་ཟླ་ལྟར༔ རབ་འཇིགས་དུར་ཁྲོད་མེ་དཔུང་འབར་བའི་དབུས༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ༔ ཧཱུྃ་ཡིག་མཐིང་ནག་མེ་དཔུང་འབར་བ་ལས༔ འོད་འཕྲོས་ཡེ་ཤེས་མགོན་པོ་ཐམས་ཅད་ཀྱི༔ གསང་གསུམ་སྲོག་བཅུད་མཐུ་དང་ནུས་པའི་སྟོབས༔ ཚུར་འདུས་ཧཱུྃ་ཡིག་ཉིད་ལ་བཅུད་དུ་དྲིལ༔ ཡེ་ཤེས་མགོན་པོ་ལེགས་ལྡན་ནག་པོའི་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་བིང་དབྱུག་བསྣམས༔ དར་ནག་བེར་གསོལ་ཁྲོ་གཏུམ་རྔམས་ཤིང་བརྗིད༔ དུར་ཁྲོད་ཆས་བརྒྱད་གསང་བའི་རྒྱན་དུ་འཆང་༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཞབས་གཉིས་བསྒྲད་ཅིང་ཞིང་བཅུའི་རཱུ་ཏྲ་གནོན༔ གཡོན་དུ་ཆགས་པའི་རྒྱས་འདེབས་ཨེ་ཀ་ཛ༔ གཅེར་མོ་མི་རོ་ཕྲག་བཀལ་ཡབ་ལ་བཏུད༔ གཡས་སུ་སྲས་མཆོག་དཔལ་འབར་ཚོགས་ཀྱི་བདག༔ མཐིང་ནག་ཕྱག་གཉིས་བིང་ཆེན་ཐོད་ཁྲག་བསྣམས༔ དར་ནག་བེར་གསོལ་ཁ་ཊྭཱྃ་མཆན་དུ་བསྟེན༔ རཱུ་ཏྲ་ཞབས་ཀྱིས་གནོན་ཅིང་མེ་དཔུང་འབར༔ གཡོན་དུ་ཡེ་ཤེས་མགོན་པོ་ཕྱག་བཞི་པ༔ མཐིང་ནག་ཁྲོ་གཏུམ་ཕྱེད་སྐྱིལ་པད་ཉིར་བཞུགས༔ དང་པོའི་ཕྱག་གཉིས་རལ་གྲི་ཁ་ཊྭཱྃ་གདེངས༔ འོག་མ་གཉིས་ཀྱིས་སྙིང་དང་ཐོད་ཁྲག་ཐོགས༔ ཆགས་པའི་རྒྱས་འདེབས་ཙ་ཏི་དམར་མོས་འཁྲིལ༔ ཕྱག་གཉིས་གྲི་ཁུག་ཕྱར་ཞིང་ཐོད་ཁྲག་སྟོབ༔ དེ་མཐར་ཡེ་ཤེས་མགོན་པོའི་ཚོགས་ཀྱིས་བསྐོར༔ ཤར་དུ་ཞིང་སྐྱོང་མགོན་པོ་སེང་གེའི་གདོང་༔ མཐིང་ནག་ཕྱག་གཉིས་རུ་མཚོན་དམར་གཏོར་བསྣམས༔ བེར་ནག་གསོལ་ཞིང་རྟ་ནག་རྟིང་དཀར་བཅིབས༔ གཡོན་དུ་སི་ན་ར་མ་གསང་བའི་ཡུམ༔ སེང་གདོང་དམར་མོ་མྱུར་མགྱོགས་མེ་རྟ་བཅིབས༔ དར་དམར་བེར་གསོལ་རྩེ་གསུམ་དགྲ་སྙིང་བསྣམས༔ མདུན་དུ་སྒྲོལ་གིང་རོ་ལང་ཕོ་མོ་གཉིས༔ གཅེས་བུ་ལག་འགྲོ་རྐང་པས་དམར་གཏོར་འཛིན༔ མ་མོ་གནོད་སྦྱིན་བདུད་ནག་ཕོ་མོས་བསྐོར༔ ལྷོ་རུ་གཟའ་བདུད་རྒྱལ་པོ་རླུང་ཞོན་ནི༔ མཐིང་ནག་དབུ་དགུ་ཁྭ་ཡི་གདོང་དང་བཅུ༔ ཕྱག་བཞིས་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས༔ ལུས་ལ་མིག་སྟོང་བཀྲ་ཞིང་སྦྲུལ་མཇུག་འཁྱིལ༔ གདོང་མོ་བཞི་དང་གཟའ་བརྒྱད་རྒྱུ་སྐར་ཚོགས༔ སྣང་སྲིད་དྲེགས་པ་སྡེ་བརྒྱད་འཁོར་གྱིས་བསྐོར༔ ནུབ་ཏུ་གནོད་སྦྱིན་ཤན་པ་ཆེན་པོ་ནི༔ དམར་ནག་ཁྲོ་གཏུམ་རྔམས་བརྗིད་སྤྱན་གསུམ་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་རུ་འཁྱིལ༔ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་གུག་དང་༔ གཡོན་གཉིས་སྙིང་ཞགས་བྷནྡྷ་ཐོད་ཕྲེང་བསྣམས༔ དུར་ཁྲོད་ཆས་རྫོགས་བེར་ཆེན་དམར་པོ་གསོལ༔ མེ་ཁྱུང་དམར་པོ་རླུང་གི་གཤོག་ཅན་བཅིབས༔ ཡུམ་མཆོག་གསོད་བྱེད་དམར་མོས་སྐུ་ལ་འཁྲིལ༔ མི་སྲུན་རབ་ཁྲོས་གཅེར་བུ་གཟིག་ཤམ་གསོལ༔ ཕྱག་གཡས་སྤུ་གྲི་གཡོན་པས་དགྲ་སྙིང་བསྣམས༔ སྤྲུལ་པའི་འཁོར་བརྒྱད་ལྷ་སྲིད་སྡེ་བརྒྱད་དང་༔ སྣང་སྲིད་དྲེགས་པ་འཁོར་དང་བཅས་པས་བསྐོར༔ བྱང་དུ་མ་མོ་སྲིད་པའི་རྒྱལ་མོ་མཐིང་༔ ཁྲོ་གཏུམ་རྔམས་བརྗིད་སྤྱན་གསུམ་དམར་ཟླུམ་འཁྱིལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཕྱག་གཡས་རལ་གྲི་གཡོན་པས་ཐོད་ཁྲག་བསྣམས༔ ནད་རྐྱལ་མཆན་བཅུག་གཡང་གཞི་གཟིག་ཤམ་གསོལ༔ རྟེའུ་དམར་གྭ་པ་མི་རོའི་སྒ་ཆ་ཅན༔ ཆིབས་ཤིང་སྣང་སྲིད་ཁམས་ལ་མངའ་དབང་མཛད༔ འཁོར་དུ་མ་མོ་མཁའ་འགྲོ་རྒྱ་མཚོས་བསྐོར༔ སྲིད་པའི་ལེགས་ཉེས་ཀུན་གྱི་དབང་མོར་བསྐྱེད༔ ཤར་ལྷོ་སྲོག་བདག་པེ་ཧར་རྒྱལ་པོ་དཀར༔ ཕྱག་གཡས་གསེག་ཤང་གཡོན་པས་ལྷུང་བཟེད་བསྣམས༔ དབུ་ལ་བསྭེ་ཐེབ་སྐུ་ལ་ཆོས་གོས་གསོལ༔ སེང་དཀར་ཆིབས་ཤིང་རིན་ཆེན་རྒྱན་གྱིས་བརྒྱན༔ འཁོར་དུ་སྲིད་པའི་ལྷ་སྲིན་དྲེགས་པས་བསྐོར༔ ལྷོ་ནུབ་མཚམས་སུ་ལྷ་ཆེན་དབང་ཕྱུག་ཆེ༔ དམར་གསལ་ཞི་འཛུམ་ལང་ཚོ་གཟི་འོད་འབར༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཞགས་པ་བསྣམས༔ ཡུམ་མཆོག་ཨུ་མ་དཱེ་ཝི་སྤྲེའུའི་གཟུགས༔ ཕྱག་གཡས་གཏེར་བུམ་གཡོན་པས་ནོར་བུ་བསྣམས༔ དཔལ་མགོན་བདུན་ཅུ་འདོད་ཁམས་དྲེགས་པས་བསྐོར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ནུབ་བྱང་མཚམས་སུ་དམ་ཅན་སྐྱེས་བུ་མཆོག༔ རྡོ་རྗེ་དགྲ་སྙིང་བསྣམས་ནས་སེང་དཀར་བཅིབས༔ སྐུ་ལ་བེར་དམར་དབུ་ལ་སག་ཞུ་གསོལ༔ ཡུམ་མཆོག་ཀོང་བཙུན་དེ་མོ་དཀར་དམར་མཛེས༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་གཏེར་བུམ་བསྣམས༔ སུམ་བརྒྱ་དྲུག་ཅུ་འཁོར་དང་ཡང་གཡོག་འབུམ༔ གནམ་ས་གཙང་ཆབ་ཕྱེད་ཀྱི་བདག་པོར་བསྐྱེད༔ བྱང་ཤར་མཚམས་སུ་རྒྱལ་ཆེན་རྣམ་ཐོས་སྲས༔ གསེར་མདོག་ཕྱག་གཉིས་རྒྱལ་མཚན་ནེའུ་ལེ་བསྣམས༔ དར་དང་རིན་ཆེན་རྒྱལ་རྫོགས་སེང་གེ་བཅིབས༔ འཁོར་དུ་ཛམ་ལྷ་རིགས་ལྔ་ནོར་བདག་བརྒྱད༔ གནོད་སྦྱིན་ནོར་ལྷ་ཡོངས་ཀྱི་བདག་པོར་བསྐྱེད༔ གཞན་ཡང་ཡེ་ཤེས་པ་དང་འཇིག་རྟེན་གྱི༔ བསྟན་སྲུང་དམ་ཅན་ཕོ་མོ་ཐམས་ཅད་ཀུན༔ ནམ་མཁའི་སྐར་ཚོགས་བཀྲ་བཞིན་ལམ་མེར་གསལ༔ ཀུན་ཀྱང་རང་རང་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་དབྱིངས་ནས་སྤྱན་དྲངས་གཉིས་མེད་ཐིམ༔ དེ་ནས་སྤྱན་འདྲེན་པ་ནི༔ སྤོས་བསྲེགས་རོལ་མོ་སྒྲ་ཡིས་འབོད༔ ཧཱུྃ་ཛཿདད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ མགོན་པོ་ལེགས་ལྡན་ཡབ་ཡུམ་གཤེགས་སུ་གསོལ༔ དཔལ་མགོན་ཕྱག་བཞི་འཁོར་བཅས་གཤེགས་སུ་གསོལ༔ དཔལ་མགོན་ཚོགས་ཀྱི་བདག་པོ་གཤེགས་སུ་གསོལ༔ དཔལ་ལྡན་གུར་གྱི་མགོན་པོ་གཤེགས་སུ་གསོལ༔ དཔལ་མགོན་ཕྱག་དྲུག་འཁོར་བཅས་གཤེགས་སུ་གསོལ༔ དཔལ་མགོན་བེར་ནག་འཁོར་བཅས་གཤེགས་སུ་གསོལ༔ དཔལ་མགོན་བྱ་རོག་གདོང་ཅན་གཤེགས་སུ་གསོལ༔ ཕྱོགས་བཅུའི་མགོན་པོ་འཁོར་བཅས་གཤེགས་སུ་གསོལ༔ ཛཿཞིང་སྐྱོང་སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ གཟའ་བདུད་དུག་གི་སྤུ་གྲི་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ མ་མོ་སྲིད་པའི་རྒྱལ་མོ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ སྲོག་བདག་པེ་ཧར་རྒྱལ་པོ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དམ་ཅན་རྡོ་རྗེ་ལེགས་པ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ རྒྱལ་ཆེན་རྣམ་སྲས་ཡབ་ཡུམ་འཁོར་དང་བཅས༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གསང་ཆེན་རོལ་པ་ཆེན་པོ་ཡི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་འདིར༔ ཡེ་ཤེས་མགོན་པོའི་སྡེ་ཚོགས་བཞུགས༔ བདུད་ཀྱི་མགོན་པོའི་སྡེ་ཚོགས་བཞུགས༔ གཟའ་བདུད་རྒྱལ་པོ་སྡེ་ཚོགས་བཞུགས༔ གནོད་སྦྱིན་ཆེན་པོའི་སྡེ་ཆོགས་བཞུགས༔ སྲིད་པ་མ་མོའི་སྡེ་ཚོགས་བཞུགས༔ སྲོག་བདག་པེ་ཧར་སྡེ་ཚོགས་བཞུགས༔ དབང་ཕྱུག་ལྷ་ཡི་སྡེ་ཚོགས་བཞུགས༔ རྡོ་རྗེ་ལེགས་པའི་སྡེ་ཚོགས་བཞུགས༔ རྣམ་སྲས་ནོར་བདག་སྡེ་ཚོགས་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མོ༔ དམ་ཚིག་གཉན་པོར་རྟག་གནས་ཤིང་༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་བའི༔ བཀའ་སྲུང་དྲེགས་པ་སྡེ་དགུ་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་ཀྱང་འཚལ༔ ན་མོ་ས་མ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ བཀའ་སྲུང་དྲེགས་པའི་དཀྱིལ་འཁོར་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ མ་ཧཱ་ཨརྒྷཾ་པཱདྱཾ་སོགསཤཔྡ་པཱུ་ཛ་ཧོཿརཱུ་པ་ཤཔྡ་སོགསསྤཪྴེ་པཱུ་ཛ་ཧོཿསརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧིཿཁྱད་པར་གྱི་མཆོད་པ་ནི༔ ཧཱུྃ༔ གདུག་པའི་དགྲ་བགེགས་ལོག་འདྲེན་གྱི༔ ཕུང་ཁམས་སྐྱེ་མཆེད་འཁོར་དང་དཔུང་༔ བཀའ་སྲུང་དྲེགས་པ་སྡེ་དགུ་ལ༔ ཟས་སྐལ་གཏད་ཀྱི་ལྷག་མེད་རོལ༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང་༔ རྐང་ཚིལ་ལྷ་བ་རུས་སྣ་ཚོགས༔ བཀའ་སྲུང་གཉན་པོ་མཉེས་ཕྱིར་འབུལ༔ སྨན་སྣ་འབྲུ་སྣ་སྤོད་སྣ་ཚོགས༔ དཀར་གསུམ་མངར་གསུམ་ཟས་ཀྱི་རིགས༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཚོགས༔ རོ་བརྒྱ་ནུས་སྟོང་ལྡན་པས་མཆོད༔ ནོར་བུ་གསེར་དངུལ་རིན་ཆེན་ཚོགས༔ དར་ཟབ་ཟ་འོག་རེག་བྱ་གོས༔ སྟག་གཟིག་ལ་སོགས་གཅན་གཟན་ལྤགས༔ གོ་ཁྲབ་རྒྱན་མཚོན་སྣ་ཚོགས་འབུལ༔ རི་དྭགས་གཡུང་དྭགས་ཆུ་གནས་རིགས༔ འདབ་ཆགས་གཟུགས་འགྲོས་ཚོགས་ཀྱིས་མཆོད༔ གཞན་ཡང་རང་རང་མཐུན་པའི་རྫས༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ ཚར་གཅོད་རྡུལ་དུ་བརླག་ནས་ཀྱང་༔ རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཨོཾ་མ་ཧཱ་སརྦ་ག་ཎ་པཉྩ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རྩལ་ལས་ཐུགས་རྗེའི་རོལ་པ་ཤར༔ བསྟན་དང་འགྲོ་བའི་དཔལ་དུ་སྐུར་སྟོན་པ༔ ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཆོས་དབྱིངས་སྤྲོས་མཐའ་བྲལ་བའི་ཀློང་ཡངས་ནས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྡེ་སྐྱོང་ཕྱིར༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ་སྣང་བ༔ བདུད་མགོན་ནག་པོའི་ཚོགས་ལ་ཕྱག་འཚལ་བསྟོད༔ མི་སྲུན་འཇིགས་པའི་སྐུར་སྟོན་འདུག་པ་འདུལ༔ སངས་རྒྱས་བསྟན་བསྲུང་བརྒྱུད་འཛིན་བུ་ལྟར་སྐྱོང་༔ སྐྱེ་འགྲོའི་སྲོག་དབུགས་བདག་པོ་རཱ་ཧུ་ལ༔ གཟའ་ཡི་སྡེ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ དབང་ཆེན་དྲག་ཏུ་ཁྲོས་པའི་ཧེ་རུ་ཀ༔ ལོག་འདྲེན་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་མཛད༔ གནོད་སྦྱིན་དམར་ནག་འཁོར་དང་བཅས་ལ་བསྟོད༔ འཁོར་འདས་ཡོངས་ཀྱི་སྤྱི་དབྱིངས་ཀུན་བཟང་མོ༔ ཐབས་མཁས་ཐུགས་རྗེས་འགྲོ་ཁམས་བདེ་ལ་སྦྱོར༔ ལེགས་ཉེས་སྟངས་འཛིན་སངས་རྒྱས་བསྟན་པ་བསྲུང་༔ སྲིད་པ་མ་མོའི་སྡེ་ལ་ཕྱག་འཚལ་བསྟོད༔ གསུང་གི་དབང་ཕྱུག་པདྨ་ཧེ་རུ་ཀའི༔ མི་སྲུན་དྲེགས་པ་ལྷ་འདྲེའི་སྲོག་འཕྲོག་ཕྱིར༔ སྣང་སྲིད་ཁ་ལོ་བསྒྱུར་བའི་དབང་པོར་སྤྲུལ༔ སྲོག་བདག་པེ་ཧར་རྒྱལ་པོའི་སྡེ་ལ་བསྟོད༔ ཐུགས་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ ཁམས་གསུམ་དབང་བསྒྱུར་ལྷ་ཡི་བླ་མར་བཞེངས༔ འགྲོ་དྲུག་འཁོར་དུ་སྡུད་ཅིང་བྲན་དུ་བཀོལ༔ ལྷ་ཆེན་དབང་ཕྱུག་སྡེ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀྱི་བདག་ཉིད་ཕྱག་ན་རྡོ་རྗེ་ཡིས༔ བསྟན་འགྲོའི་དོན་མཛད་བགེགས་ཀྱི་གཉའ་གནོན་ཕྱིར༔ མྱུར་མགྱོགས་རྫུ་འཕྲུལ་སྟོབས་ཀྱི་བདག་པོར་སྤྲུལ༔ རྡོ་རྗེ་ལེགས་པའི་སྡེ་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་སྐུ་ཡི་བདག་ཉིད་འཇམ་པའི་དབྱངས༔ གནོད་སྦྱིན་ཡོངས་ཀྱི་དབང་པོར་སྐུར་བཞེངས་པ༔ སངས་རྒྱས་བསྟན་བསྲུང་འགྲོ་བའི་དབུལ་ཕོངས་སྐྱོབས༔ རྣམ་སྲས་ནོར་ལྷའི་སྡེ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་ཀུན༔ ངོ་བོ་གཅིག་ལ་རྣམ་པ་ཐ་དད་པ༔ ཐབས་ལ་མཁས་པས་སྣ་ཚོགས་སྐུར་སྟོན་པ༔ བཀའ་སྡོད་དྲེགས་པ་སྡེ་དགུའི་ཚོགས་ལ་བསྟོད༔ དེ་ནས་འདོད་གསོལ་ཕྲིན་ལས་བཅོལ་བ་ལ༔ ཧཱུྃ༔ རྒྱལ་དང་རྒྱལ་སྲས་རིག་པ་འཛིན་རྣམས་ཀྱིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་བྱིན་རླབས་པའི༔ བཀའ་སྲུང་དམ་ཅན་སྡེ་དང་དེ་འཁོར་འབངས༔ ཡེ་ཤེས་འཇིག་རྟེན་དྲེགས་པ་ཕོ་མོའི་ཚོགས༔ འདིར་གཤེགས་དམ་རྫས་དམར་གྱི་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ བཀའ་དམ་དཔང་བཙུགས་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་སྐྱོངས་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོངས་བཤད་སྒྲུབ་བསྟན་པ་སྤེལ༔ བདག་ཅག་སྒྲུབ་མཆོག་རྣལ་འབྱོར་འཁོར་བཅས་ལ༔ བྱང་ཆུབ་བར་དུ་མི་འབྲལ་བསྲུང་སྐྱོབས་མཛོད༔ ས་ལམ་བར་ཆད་མི་མཐུན་ཕྱོགས་ངན་དང་༔ འཇིགས་དང་སྡུག་བསྔལ་མི་འདོད་ཀུན་ཞི་ཞིང་༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་དང་༔ ཆོས་སྲིད་དཔལ་ཡོན་བཀྲ་ཤིས་དགེ་ལེགས་རྒྱས༔ ཁམས་གསུམ་མོས་པ་རྣམ་བཞིས་དབང་བསྡུས་ཤིག༔ དུས་རྣམ་ཀུན་ཏུ་ཕྲིན་ལས་རབ་འབྱམས་སྒྲུབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་ཀུན༔ མངོན་སྤྱོད་དྲག་པོའི་ལས་ཀྱིས་ཚར་ཆོད་ཅིག༔ ཤ་ཁྲག་རུས་པ་སྲོག་ལ་རྔམས་པར་རོལ༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿབསྟན་སྲུང་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ བསྒོམ་བཟླས་གནད་འདས་དམ་རྒྱ་རལ་བ་དང་༔ བསྒྲུབ་རྟེན་བསྐང་མཆོད་ལས་ཀྱི་རྫས་ཆོ་ག༔ གཞུང་བཞིན་མ་ལྡན་འགལ་འཁྲུལ་ཅི་མཆིས་བཤགས༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ སོགསས་ཏྭ་ཨཱཿཟབ་གསང་མཁའ་འགྲོའི་སྙིང་གི་ཡང་ཐིག་གི༔ སྲུང་མ་གཉན་པོ་དྲིལ་བའི་དྲིལ་སྒྲུབ་འདི༔ སྒྲུབ་དང་དཀྱིལ་འཁོར་གང་ལ་སྦྱོར་ཀྱང་ཆོག༔ བསྒོམ་སྒྲུབ་གེགས་མེད་བར་ཆད་ཀུན་བཟློག་ཅིང་༔ བསམ་པའི་དོན་ཀུན་འབད་མེད་ལྷུན་གྲུབ་ཅིང་༔ མི་མཐུན་ཕྱོགས་རྣམས་མ་ལུས་ངེས་པར་སེལ༔ ཕྲིན་ལས་རབ་འབྱམས་འགྲུབ་འགྱུར་ཐེ་ཚོམ་མེད༔ སྙིང་ཐིག་སྲུང་མ་གཉན་པོའི་དྲིལ་སྒྲུབ་འདི༔ མཚོ་རྒྱལ་ཁྱོད་ཀྱིས་བརྡ་ཡི་རིས་སུ་ཐོབས༔ བཀའ་སྲུང་གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ སྒྲུབ་པའི་སྐལ་བཟང་ཕོ་མོའི་གྲོགས་མཛོད་ལ༔ དམ་ཉམས་བསྟན་དགྲའི་སྲོག་གི་གཤེད་དུ་ཕོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་རྒྱལ་པོ་གཡུ་ཕྲེང་ཅན་གྱི་མགུལ་ནས་བཏོན་ཏེ་མི་ལོ་ཉི་ཤུར་བཀའ་རྒྱ་བྱས་མཐར་སྨར་མདོ་བཀྲ་ཤིས་དགའ་ཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སམ་འཇིགས་མེད་ཡོངས་གྲུབ་རིག་པའི་རྡོ་རྗེར་འབོད་པ་དེས་བགྱིས་པའོ།།དགེའོ།།མངྒ་ལཾ།།