DJYD-KABUM-24-YA-022

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-24-YA-022

(1ན)(འདིར་དགོངས་གཏེར་ཕུར་པ་སྤུ་གྲི་རེག་ཕུང་གི་བསྙེན་སྒྲུབ་ལ་གཞོལ་བ་དག་གིས་དམིགས་ལས་གྱི་བཟླས་དམིགས་ཅུང་ཟད་སྦྱར་བར་འདོད་ན། རྩ་བའི་བཟླས་དམིགས་ཀྱི་རྗེས་སུ། དང་པོ་བསྙེན་པའི་དུས།)ཐུགས་ཀའི་ཏིང་འཛིན་སེམས་དཔའ་ལས། །སྔགས་ཕྲེང་བར་མ་ཆད་པ་བྱུང་། །ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན། །རང་གི་ཞལ་ནས་ཡུམ་ཞལ་ཞུགས། །མཁའ་ནས་རྡོ་རྗེའི་སྦུབས་བརྒྱུད་དེ། །ཡེ་ཤེས་སེམས་དཔའི་གསང་བ་ནས། །དྭངས་སྲོག་ལ་ཐིམ་བདེ་སྟོང་གི། །ཡེ་ཤེས་མཆོག་ཏུ་འབར་བར་གྱུར། (ཞེས་མགལ་མེ་ཀླད་སྐོར་གྱི་དམིགས་པས་རྩ་སྔགས་འབྲུ་བཅུ་བཞི་པ་ཉིད་འབུམ་ཕྲག་བཅོ་ལྔའམ། བདུན་འབུམ་ཉིས་ཁྲི་ཙམ་བཟླ། གཉིས་པ་སྒྲུབ་པའི་དུས། འདི་ནས་ནུབ་ཐ་མའི་དངོས་གྲུབ་བླང་བའི་བར་ཐུན་ཐམས་ཅད་ལ་བཟླས་པའི་ཐོག་མར་སྙིང་པོ་ལ་)ཕཊ་ཛཿ(བཏགས་པ་བརྗོད་པས་ཛཔྲ་ཁང་དབྱེ། བཟླས་དམིགས་སྤྱིར་བཏང་གི་རྗེས་སུ་ཁྱད་པར།)ཐུགས་ཀའི་སེམས་དཔའ་སུམ་བརྩེགས་ལས། །འོད་འཕྲོས་ཕྱོགས་བཅུའི་རྒྱལ་ཀུན་དང་། །མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི། །ཐུགས་ཀར་ཐིམ་པས་མཆོད་ཅིང་བསྐུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །སྔགས་ཕྲེང་དམར་པོའི་(1བ)རྣམ་པ་རུ། །ལྷ་ཚོགས་སོ་སོའི་ལྟེ་བ་ནས། །བྱུང་སྟེ་བདག་གི་ལྟེ་བར་བཞུགས། །སྲོག་གི་ཧཱུྃ་ལ་རབ་ཐིམ་ཞིང་། །ཀུན་ཀྱང་སྔགས་སྒྲ་སྒྲོག་པར་གྱུར། །(ཅེས་བུང་བ་ཚང་ཞིག་གི་དམིགས་པས་འབྲུ་བཅུ་བདུན་པའི་བཟླས་པ་སྔ་མའི་ཚད་ཙམ་བྱ། གསུམ་པ་ལས་སྦྱོར་ནི། འདི་དུས་ཐུན་རེ་ལ་ཆ་གཉིས་རེ་བགོས་ཏེ། ཆ་དང་པོ་དམ་ཅན་ཉེ་བསྙེན་ནི། བསྙེན་སྒྲུབ་ཀྱི་བཟླས་པ་ཁྱུག་ཙམ་རེ་སོང་རྗེས།)བདག་མདུན་ཐུགས་ཀའི་སྔགས་ཕྲེང་ལས། །འོད་དམར་ཛཿཡིག་རྣམ་པར་འཕྲོས། ཕུར་སྲུང་དམ་ཅན་ལྕམ་དྲལ་རྣམས། །འོད་ཀྱིས་བཀུགས་ཤིང་མདུན་དུ་འཁོད། །སླར་ཡང་ཚ་རྩུབ་འོད་ཟེར་གྱིས། །དྲག་ཏུ་བསྐུལ་ཏེ་གང་དམིགས་པའི། །དགྲ་བགེགས་སྒྲོལ་བའི་ལས་བྱེད་གྱུར། །(ཅེས་དམིགས་ལ་བཞི་སྙིང་གཅིག་དྲིལ་བཟླ། ཆ་གཉིས་པ་ལ་ངན་སྔགས་ཉེ་བསྙེན་ནི།)དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་ལས། །སྤྲུལ་པ་ཁྲོ་ཆུང་མཚོན་ཐུན་འཕྲོས། །སྔགས་སྒྲ་འབྲུག་སྟོང་ལྡིར་ལྟར་སྒྲོགས། །བར་ཆད་ལོག་འདྲེན་བདུད་བགེགས་ཀུན། །འོད་ཟེར་མེ་ཡི་ཚྭ་ཚྭས་བསྲེགས། །ཐལ་བའི་རྡུལ་བཞིན་བརླག་པར་གྱུར། (ཞེས་མགར་གྱི་ཚྭ་ཚྭ་སྤྲོ་བ་ལྟ་བུའི་དམིགས་པས་སྤུ་གྲིའི་དྲག་སྔགས་འདུས་པ་བཟླ་བ་སྟེ། འདི་(2ན)གཉིས་ཀྱི་གྲངས་ཚད་བསྙེན་པའི་བཅུ་ཆ་ཙམ་ལ་བཟུང་ངོ་། །ཚེ་སྒྲུབ་ནི་བསྙེན་སྒྲུབ་ལས་གསུམ་ཁྱུག་ཙམ་རེ་སོང་ནས་ཟུར་བྱང་ལྟར།)བདག་མདུན་དཔལ་ཆེན་ཐུགས་ཀ་རུ༔ (ཞེས་བསྒྱུར་བ་ཙམ་དང་། གྲངས་ཇི་ཙམ་མང་ན་ལེགས་ཤིང་། ཐ་ན་འབུམ་ཕྲག་ལས་མི་ཉུང་བར་བྱའོ། །ཞེས་པའང་གཏེར་སློབ་ཁྲོ་རྒྱལ་རྡོ་རྗེས་ལྷག་པའི་ལྷ་འདི་བསྙེན་སྐབས་ཀྱི་ཐུན་གསེང་ཞིག་ཏུ་བསྙེན་པའི་མན་ངག་དང་མི་འགལ་བར་བློ་དམན་འཇུག་པ་བདེ་བའི་ཆེད་དུ་སྦྱར་བའོ། །ཤུ་བྷཾ།། །།)