ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་གསང་བའི་སྒྲུབ་པ་ཡེ་ཤེས་འོད་ཕུང་༔

From Dudjom Wiki
Revision as of 12:32, 21 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-12-NA-084
Wylie title chos nyid nam mkha'i klong mdzod las: ye shes mkha' 'gro rdo rje rnal 'byor ma'i gsang ba'i sgrub pa ye shes 'od phung: TTDL-ZABTER-12-NA-084.pdf
Location bdud 'joms gling pa zab gter
Volume 12, Text 84, Pages 495-497 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las ye shes mkha' 'gro rdo rje rnal 'byor ma'i gsang ba'i sgrub pa ye shes 'od phung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 495-497. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsang sgrub   Verso: bdud 'joms rdo rje rnal 'byor ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Rdo rje rnal 'byor ma
Colophon

ཞེས་པ་འདི་སློབ་བུ་མཁས་གྲུབ་དང་ངག་དབང་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

zhes pa 'di slob bu mkhas grub dang ngag dbang gnyis kyis bskul ngor bdud 'joms rdo rjes chos nyid nam mkha'i mdzod las bsgyur ba yongs su dge par gyur cig_/dge'o/_/dge'o/_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་གསང་བའི་སྒྲུབ་པ་ཡེ་ཤེས་འོད་ཕུང་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་ང་ཡི་རྗེས་འཇུག་རྣམས༔ ཚེ་གཅིག་རྣམ་པར་གྲོལ་བའི་ཕྱིར༔ ཡེ་ཤེས་མཁའ་འགྲོའི་གསང་གསུམ་དུ༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ ཁྱབ་བརྡལ་སྟོང་པ་ཉིད་ཀྱི་ངང་༔ མ་རྟོགས་འཁྲུལ་པའི་སེམས་ཅན་ཀུན༔ དམིགས་མེད་སྙིང་རྗེ་ཆེན་པོས་བརྡལ༔ རིག་པ་བྃཿཡིག་འཕྲོ་འདུ་ལས༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ བཀོད་པ་ལྷུན་གྲུབ་གཞལ་ཡས་དབུས༔ སྐྱོན་བྲལ་པདྨ་ཉི་མའི་སྟེང་༔ རང་རིག་བྃཿགྱི་འཕྲོ་འདུ་ལས༔ རྒྱལ་བ་མཆོད་ཅིང་དབང་བྱིན་བསྡུས༔ འཁོར་བ་མྱང་འདས་ཆེན་པོར་བསྒྲལ༔ སྣང་སྲིད་དྭངས་བཅུད་གཟི་བྱིན་བསྡུས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ རང་ཉིད་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་པདྨ་རཱ་གའི་མདོག༔ བཅུ་དྲུག་གཞོན་ནུའི་ལང་ཚོ་ཅན༔ མཛེས་སྡུག་ལྟ་བའི་ཆོག་མི་ཤེས༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ དཔའ་བོ་ཡབ་ཀྱི་མཚོན་པའི་ཕྱིར༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བརྟེན༔ སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས༔ དབུ་སྐྲ་ཟུར་ཕུད་པདྨས་བརྒྱན༔ ཟར་བུས་སྐུ་རྒྱབ་ཁེབ་ཅིང་འཁྲོལ༔ གཅེར་བུ་པད་ཕྲེང་དོ་ཤལ་མཛེས༔ ཞབས་གཉིས་དོར་སྟབས་ཚུལ་དུ་བཞེངས༔ རིན་ཆེན་གསེར་གྱི་སྙན་ཆ་མཛེས༔ ཡེ་ཤེས་འོད་ཕུང་འཁྲིགས་པའི་ཀློང་༔ འཇའ་ལུས་སྒྱུ་མའི་སྐུ་རུ་བསྒོམ༔ མཚན་དཔེ་རྫོགས་ཤིང་གཟི་འོད་འབར༔ སྤྱི་བོར་སངས་རྒྱས་མཁའ་འགྲོ་མཐིང་༔ མགྲིན་པར་པདྨ་མཁའ་འགྲོ་དམར༔ ཐུགས་ཀར་རྡོ་རྗེ་མཁའ་འགྲོ་དཀར༔ ལྟེ་བར་རིན་ཆེན་མཁའ་འགྲོ་སེར༔ གསང་བར་ལས་ཀྱི་མཁའ་འགྲོ་ལྗང་༔ ཀུན་ཀྱང་གར་སྟབས་གྲི་ཐོད་ཅན༔ གཅེར་བུ་རུས་པའི་རྒྱན་གྱིས་སྤྲས༔ དཔའ་བོ་ཡབ་མཚོན་ཁ་ཊྭཱྃ་ཀ༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ རང་བཞིན་དག་པའི་ཞིང་ཁམས་ནས༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཚོགས༔ མཚོ་ལ་ཁ་ཆར་བབ་ལྟར་བསྟིམ༔ ཐུགས་ཀར་དྭངས་མ་ལྔ་ལྡན་གྱི༔ འོད་ཀྱི་ཐིག་ལེ་ཟླུམ་འཁྱིལ་དབུས༔ ཧཱུྃ་དང་བྃཿལ་སྔགས་གཡོན་འཁོར༔ བཟླས་པས་དབང་བྱིན་དངོས་གྲུབ་ཀུན༔ ཆར་ལྟར་བབ་ཅིང་གཟི་བྱིན་བསྐྱེད༔ བྃཿཌཱཀྐི་ནཱི་བཛྲ་ཤུ་མ་ཧོ་མ་ཧཱ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿབསྐྱེད་དང་གསལ་བའི་གནད་ལྡན་ཅིང་༔ བསྙེན་པ་བར་མ་ཆད་པར་བཟླ༔ ཁམས་གསུམ་སྣང་ཞིང་སྲིད་པའི་ཆོས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ བསྒྱུར་ཏེ་གསང་གསུམ་འཁོར་ལོར་ཕུལ༔ བཞེས་ནས་དག་མཉམ་ཆེན་པོར་དམིགས༔ རང་ལུས་འོད་ཀྱི་ཕུང་པོར་གསལ༔ བར་བར་ཕྱོགས་བཞི་དབུས་ལྔ་ཡི༔ མཁའ་སྤྱོད་དག་པའི་ཞིང་ཁམས་སུ༔ དཔག་ཆེན་མདའ་འཕང་ཇི་བཞིན་དུ༔ བསྒྲོད་དེ་ཞིང་རྣམས་ཡིད་ལ་བྱ༔ གནད་དེས་ཚེ་འཕོས་གྱུར་མ་ཐག༔ རྣམ་པར་དག་པའི་ཞིང་ལྔ་རུ༔ བསྒྲོད་ཅིང་གཏན་གྱི་བདེ་བ་འཐོབ༔ བསྙེན་པ་བག་བསྙེན་མ་ཡིན་པར༔ སྨྲ་བཅད་གནད་ཀྱི་དམ་པར་ཟུངས༔ ས་མ་ཡ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ གུ་ཧྱ༔ ཨྠིྀ༔ ཞེས་པ་འདི་སློབ་བུ་མཁས་གྲུབ་དང་ངག་དབང་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།