DJYD-KABUM-24-YA-037

From Dudjom Wiki
Revision as of 05:16, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-24-YA-037

༄༅། །བསམ་འགྲུབ་བདེ་བ་ཆེན་པོའི་གཙུག་ལག་ཁང་གི་ རྟེན་དེབ་དྲི་བྲལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །

(1བ)ཕུལ་བྱུང་མཁྱེན་བརྩེ་ནུས་པའི་འོད་སྟོང་གིས། །སྲིད་ཞིའི་ཕན་བདེའི་པད་ཚལ་འབྱེད་པ་པོ། །ཡིད་སྲུབ་མུན་པའི་གཤེད་གྱུར་སྣང་བའི་གཏེར། །མཚོ་སྐྱེས་ཉི་མ་འོད་ཟེར་གཙུག་ན་རྒྱལ། །རྒྱལ་ཀུན་ཡབ་གཅིག་རྡོ་རྗེ་རྣོན་པོ་ཉིད། །གང་འདུལ་སྣང་ངོར་མངའ་བདག་རྒྱལ་པོའི་ཚུལ། །བའིལ་ལྗོངས་ཕན་བདེའི་ཤིང་རྟ་གཅིག་པུ་བ། །ཚངས་པ་ལྷ་ཡི་མེ་ཏོག་ལན་བརྒྱར་བསྔགས། །གང་ཐུགས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །ཟབ་གཏེར་རིན་ཆེན་མཛོད་ཀྱི་འཁོར་ལོས་བསྒྱུར། །འགྲོ་འདུལ་རིག་འཛིན་བྱེ་བའི་དེད་དཔོན་མཆོག །གུ་རུ་ཆོས་ཀྱི་དབང་ཕྲུག་སྤྱི་བོས་མཆོད། །(2ན)རྨད་བྱུང་ཚད་མེད་ཐུགས་རྗེའི་ཆུ་འཛིན་ལས། །དངོས་གྲུབ་བདུད་རྩིའི་གྲུ་ཆར་རབ་འཇོ་བས། །སྐལ་ལྡན་སྐུ་བཞིའི་འབྲས་བཟང་སྨིན་མཛད་པ། །རྩ་གསུམ་ལྷག་པའི་ལྷ་ཡིས་དགེ་ལེགས་སྩོལ། །མི་བཟད་དྲག་ཤུལ་རྡོ་རྗེའི་སྦར་མོ་ཡིས། །ཉམས་པའི་དོན་སྙིང་ལྐོག་མར་མངོན་འབྱིན་པ། །རྒྱུད་གསུམ་དམ་ཅན་སྲུང་མའི་ཚོགས་རྣམས་ཀྱིས། །རྟེན་འདིར་མེལ་ཚེ་སྡོང་གྲོགས་མ་གཡེལ་ཞིག །འདི་ན་ངོ་མཚར་སྤྲུལ་པའི་གནྡྷོ་ལ། །བསམ༵་རྒུ་ཡིན་བཞིན་གྲུབ༵་པའི་ཟ་མ་ཏོག །གང་འབྲེལ་བདེ༵་བ་ཆེན༵་པོའི་དབྱིག་འཇོ་བ། །གདུལ་བྱའི་བསོད་ནམས་བགོ་སྐལ་མཆོག་ཏུ་འཁྲུགས། །(2བ)པདྨ་འོད་ཞིང་ལྷ༵་སྐུ་ཕྱག་རྒྱའི་གར། །མངོན་སུམ་ལྗོངས་འདིར་འཕོས་ལྟའི་གཞལ་མེད་ཁང༵་། །རྟེན༵་དང་བརྟེན་པའི་བཀོད་པ་ངོ་མཚར་ཕུལ། །མ་འདྲེས་ཇི་བཞིན་འཛིན་པའི་དེ༵བ་ཐེར་གཟུགས། ཚུལ་མིན་ཉེས་རྡུལ་དྲི༵་བྲལ༵་ལེགས་བྱས་ཀྱི། །དགེ་མཚན་གཡང་དུ་ཆགས་པ་ནོར་གྱི་བུ། །སྲིད་ཞིའི་མཚར་སྡུག་འཆར་བའི་མེ༵་ལོང༵་གང་། །དཔྱོད་ལྡན་སྒེག་མོའི་མདུན་སར་ངོམས་ལ་སྤྲོ། །ཞེས་ཡུལ་དམ་པ་རྣམས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བས་ལམ་ཡངས་པར་བྱས་ནས། དེ་ཡང་སློབ་དཔོན་ཆེན་པོས། གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ ཞེས་གསངས་པ་ལྟར། གཏེར་སྟོན་རྒྱལ་པོ་ལྔའམ་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པའི་ཡ་གྱལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་མངའ་བདག་ཉང་རིན་པོ་ཆེ་ནས་འབྲས་བུའི་མཐར་སོན་ཏེ་མ་ཆགས་པདྨ་ཅན་དུ་སངས་རྒྱས་པའི་གསུང་གི་རྣམ་འཕྲུལ་དུ་བསྟན་པ་གུ་རུ་ཆོས་ཀྱི་དབང་ཕྱུག་དེ་ཉིད་ལ། དག་པའི་སྣང་བར་ཨོ་རྒྱན་ཆེན་པོས་ལུང་བསྟན་ཞལ་གདམས་སུ། གསང་སྔགས་སྙིང་པོ་བསྟན་པའི་སྲོག །བསྟན་པ་བོད་འདིར་གནས་འདོད་ན། །བསྟན་པ་མཐར་འཛིན་ཡུལ་གྱི་ལྷ། །གུང་རྒྱལ་ཤམ་པོ་མཁའ་རི་ཡིན། །དེ་ཡང་མཁའ་རིའི་གངས་རྩེ་ན། །རྡོ་རྗེ་གདན་མཐོང་རྟེན་འབྲེལ་གྱིས། །མཁའ་རི་དཔལ་གྱི་ཉེ(3ན)འདབས་སུ། །སྐུ་གསུམ་ཞིང་བཀོད་ལེགས་ཚང་ཞིང་། །གློ་འབུར་རིགས་གསུམ་གང་ལྕོགས་པའི། །ལྷ་ཁང་གཙུག་ལག་ཁང་བཞེངས་ན། །སངས་རྒྱས་བསྟན་པའི་སྲོག་ཤིང་དུ། །རྡོ་རྗེ་གདན་དང་མཚུངས་པ་ཡི། །འགྲོ་དོན་ཤིན་ཏུ་ཁྱབ་ཆེ་བས། །བོད་ཁམས་སྤྱི་ཡི་ཉི་མ་སྟེ། །རྒྱལ་པོ་རྗེ་བྲན་དམངས་ལ་སོགས། །གཙུག་ལག་མཆོད་ན་བསམ་རྒུ་འགྲུབ། །ཅེས་རྡོ་རྗེའི་ལུང་གིས་རྗེས་སུ་བསྟན་པའི་དོན་བཞིན་ལ་ཡག་རྫ་ཞེས་བྱ་བའི་ལྗོངས་འདིར་བསམ་གྲུབ་བདེ་བ་ཆེན་པོའི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ་སྟེ་གདན་སའི་གཙོ་བོ་མཛད་ཅིང་། ཉིད་ཀྱི་གསུང་ལས། བསམ་གྲུབ་ལྷ་ཁང་གསང་སྔགས་བསྟན་པའི་སྲོག །བུ་སློབ་དམ་ལྡན་བུ་ཡིས་ཞབས་ཏོག་འབུངས། །གཙུག་ལག་ཉམས་རྐྱེན་བུ་ཡིས་བྱས་ཀྱང་ཐོན། །ལྷ་ཁང་ཞབས་ཏོག་སྤྲང་པོ་བྱས་ཀྱང་ཁུར། །ཞེས་ལྷ་ཁང་འདི་ཉིད་ལ་ཞབས་ཏོག་གལ་ཆེ་བ་སོགས་ཀྱི་ཞལ་ཆེམས་ཁྱད་པར་བ་གནང་བ་བཞིན་སྲས་སློབ་བརྒྱུད་འཛིན་རིམ་པར་བྱོན་པས་གདན་ས་བསྐྱངས་ཏེ་ད་ལྟའི་བར་དུ་འགྲོ་དོན་ཕྲིན་ལས་རྒྱ་ཆེ་ལ་རྒྱུན་ཆགས་པ་འདི་ལྟར་ཡང་། ཆོས་དབང་ཉིད་རབ་བྱུང་གསུམ་པའི་ཆུ་སྤྲེ་ལོར་སྑུ་བལྟམ་པ་ནས་ད་ལྟ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་བར་མི་ལོ་བདུན་བརྒྱ་(3བ)སྐོར་སོང་བའི་གནས་གཞི་རྙིང་ཆགས་ལ་བརྟེན་རྩ་བའི་རྟེན་གསུམ་ཁག་ལ་ཉམས་ཆག་གཏན་ནས་མི་འདུག་ཀྱང་། ཕྱི་ཁོག་འདུ་ཁང་ལེ་ལག་སོགས་གཅོང་ཟོམ་གང་ཆེར་གྱུར་པས་སླད་དུས་དབང་ཉམས་ཞིག་ཏུ་འགྲོ་དོགས་ཐུགས་འགན་བཟོད་མིན་ལ་བརྟེན། བསྟན་པ་མཆོད་སྦྱིན་གྱི་མངའ་བདག་ཆེན་པོར་སྙན་གསེང་ཞུས་པར་བསྟན་འགྲོར་ཕན་བདེའི་དགོངས་བཞེས་བླ་མེད་ཀྱིས་དགོས་འབྲུ་སོགས་མཐུན་རྐྱེན་གྱ་ནོམ་པ་བཀའ་དྲིན་བསྐྱངས་འབྲེལ་གཙོ་བོ་རྩ་བའི་འཛིན་བདག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་གསུང་སྤྲུལ་བཅུ་པ་མཆོག་གི་དབུས་གྲྭ་ཚང་ལས་བྱེད་བཅས་པ་དང་། ལྷག་པར་ཚུལ་འདིར་སྔོན་གྱི་ལས་འཕྲོའི་སྨོན་ལམ་དུས་སུ་སྨིན་པ་སློབ་དཔོན་ཆོས་གྲགས་ལགས་ནས་སྒོ་གསུམ་ངལ་དུབ་ཁྱད་དུ་བསད་དེ་དད་ཅན་འབྱོར་ལྡན་རྣམས་ལ་དགེ་བསྐུལ་དང་སྦྱོར་བའི་བརྩོན་འགྲུས་ཁུར་དུ་བླངས་ནས་ཉམས་གསོ་ཚུགས་པ་ན་རྩིག་གསེབ་ཏུ་ཕྱིས་ཀྱི་རྟེན་འབྲེལ་ལ་དགོངས་པས་འདབ་གཏེར་མང་དུ་བཞུགས་པར་གསལ་བས་ཧ་ཅང་གས་སྐྱོན་ཆེ་རིགས་ལ་རྩིག་གསོས་ཕྲན་བུ་ཙམ་ལས་བྱིངས་བསྒུལ་བཤིག་མེད་པར་རང་འཇགས་ཐོག་ཤིང་ཆའ་རིགས་གསར་བརྗེས། ནང་གི་རྟེན་རྙིང་རྣམས་ཞིག་གསོས་དང་རྟེན་གསར་ཇི་སྙེད་གསར་བཞེངས། སྡེབས་རིས་ཚོན་རྩི་(4ན)སོགས་མཇུག་བསྡོམས་རབ་གནས་སྒྲུབ་མཆོད་དགའ་སྟོན་གཏང་རག་གི་བར་ཤིང་སྤྲེལ་ནས་མེ་ཕག་བར་ལོ་བཞིའི་རིང་བར་ཆད་མེད་པར་མཐར་ཕྱིན་པ་སྟེ། དེ་ལྟ་བུའི་རྟེན་མཆོག་ཡིད་བཞིན་ནོར་བུའི་ཕུང་པོ་འདིར་ཇི་ལྟར་བཞུགས་པའི་རྣམ་གྲངས་ཀྱི་མ་དེབ་གསར་དུ་འགོད་པ་ལ།