དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་བང་མཛོད༔

From Dudjom Wiki
Revision as of 07:55, 23 August 2024 by Mort (talk | contribs)

TTDL-ZABTER-14-PHA-057
Wylie title dag snang ye shes drwa ba las: bla ma brgyud pa'i gsol 'debs dngos grub bang mdzod: TTDL-ZABTER-14-PHA-057.pdf
Location bdud 'joms gling pa zab gter
Volume 14, Text 57, Pages 425-426 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las bla ma brgyud pa'i gsol 'debs dngos grub bang mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: 425-426. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol 'debs   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Supplications - gsol 'debs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་པ་འདི་ཡང་ཚེ་དབང་རིག་འཛིན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ།།

zhes pa 'di yang tshe dbang rig 'dzin gyis bskul ngor bdud 'joms rdo rjes dag snang ye shes drwa ba las bsgyur ba'o/_/dge'o//

[edit]
༁ྃ༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ བླ་མ་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་བང་མཛོད་བཞུགས༔ བཅོས་མིན་མོས་གུས་གདུང་ཤུགས་དྲག་པོ་ཡིས༔ རྩེ་གཅིག་དད་པས་འདི་ལྟར་གསོལ་བ་གདབ༔ ཨེ་མ་ཧོཿ དུས་གསུམ་རྒྱལ་བའི་སྤྱི་མྱེས་ཀུན་ཏུ་བཟང་༔ རིགས་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་རིགས་གསུམ་མགོན༔ གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་མཛོད༔ གཞོན་ནུ་བུམ་སྐུར་གྲོལ་བ་དགའ་རབ་རྗེ༔ འཕོ་ཆེན་སྐུ་བརྙེས་མཁས་པ་ཤྲཱི་སིང་༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་པདྨ་འབྱུང་༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ བདག་རྒྱུད་སྨིན་གྲོལ་ནུས་པར་བྱིན་གྱིས་རློབས༔ འཇའ་ལུས་འཕོ་བ་ཆེན་པོར་དབུགས་དབྱུང་མཛོད༔ རྒྱལ་བའི་དབང་པོ་ཐང་སྟོང་རྒྱལ་པོ་དང་༔ དྲི་མེད་འོད་ཟེར་མཁྱེན་བརྩེའི་འོད་ཟེར་དང་༔ རིགས་ཀུན་འཁོར་ལོའི་ཁྱབ་བདག་བླ་མ་རྗེ༔ བཟོད་མེད་གདུང་ཤུགས༴བདག་རྒྱུད་སྨིན་གྲོལ༴འཇའ་ལུས་འཕོ་བ༴འཆི་མེད་ཚེ་ཡི་དངོས་གྲུབ་མྱུར་སྩོལ་ཅིག༔ གཞན་ཡང་གྲུབ་པའི་རིག་འཛིན་རྣམ་པ་བརྒྱད༔ གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་དང་༔ གཏེར་ཆེན་བརྒྱ་རྩ་སྟོན་འཁོར་བཅས་པ་ལ༔ བཟོད་མེད་གདུང་ཤུགས༴བདག་རྒྱུད་སྨིན་གྲོལ༴འཇའ་ལུས་འཕོ་བ༴འཆི་མེད་ཚེ་ཡི་དངོས་གྲུབ་མྱུར་སྩོལ་ཅིག༔ ལུས་ལ་རྡོ་རྗེའི་སྐུ་ཡི་བྱིན་ཆེན་ཕོབ༔ ངག་ལ་རྡོ་རྗེའི་གསུང་གི༴ཡིད་ལ་རྡོ་རྗེའི་ཐུགས་ཀྱི༴ཡེ་ཤེས་ཡོན་ཏན་ནུས་པའི༴མཆོག་དང་ཐུན་མོང་དངོས་གྲུབ་མྱུར་སྩོལ་ཅིག༔ ཕྱི་རྐྱེན་དགྲ་བགེགས་འབྱུང་པོའི་འཚེ་བ་བཟློག༔ ནང་རྐྱེན་འདུ་བ་རྣམ་བཞིའི་ནད་རྣམས་སོལ༔ གསང་རྐྱེན་ཉོན་མོངས་བརྒྱད་ཁྲིའི་གཡོ་འཁྲུགས་ཀུན༔ ཡེ་ཤེས་རོལ་པ་ཆེན་པོར་བྱིན་གྱིས་རློབས༔ སྐད་ཅིག་ད་ལྟ་ཉིད་དུ་བྱིན་གྱིས་རློབས༔ མི་འགྱང་མྱུར་བ་ཉིད་དུ༴འདུག་ས་སྟན་ཐོག་འདི་རུ༴ཟས་གོས་ཞེན་པ་བྲལ་བར༴ཆོས་བརྒྱད་དགྲ་རུ་ཤེས་པར༴རྐྱེན་ངན་གྲོགས་སུ་འཆར་བར༴ན་ཚ་ལམ་དུ་སློང་བར༴མི་འདོད་ཉེར་འཚེ་མི་བདེའི་སྡུག་བསྔལ་ཀུན༔ འོད་གསལ་ཆེན་པོར་འཆར་བར་བྱིན་གྱིས་རློབས༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་དག་ནས༔ ཀ་དག་གཞོན་ནུ་བུམ་སྐུའི་ས་རུ་སྐྱོལ༔ འཁོར་བ་དོང་སྤྲུགས་ནུས་པའི་དཔལ་ཐོབ་ཤོག༔ ཉེར་གཅིག་བཅུ་དྲུག་བདུན་སོགས་བརྗོད༔ མོས་གུས་དྲག་པོའི་གནད་ལྡན་ན༔ བྱིན་རླབས་འཇུག་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་ཚེ་དབང་རིག་འཛིན་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ། །དགེའོ།། །།