TTDL-ZABTER-13-PA-024

From Dudjom Wiki
Revision as of 10:36, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-024
Wylie title TTDL-ZABTER-13-PA-024.pdf
Location bdud 'joms gling pa zab gter
Volume 13, Text 24, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡི༔ གཡང་འགུགས་འོད་ཀྱི་ཞགས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཀྱཻ༔ ཁམས་གསུམ་ཡོངས་ཀྱི་ཕྱྭ་ཆེན་པོ༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིས༔ ཁམས་གསུམ་སྲིད་པའི་ཕྱྭ་གཡང་ཁུག༔ བདག་ལ་སྩོལ་ཞིང་དབང་འབྱོར་མཛོད༔ སྲིད་གསུམ་བདེ་བར་སྦྱོར་བའི་ཡུམ༔ ལྷ་མོ་ཨུ་མ་དཱེ་ཝི་ཡིས༔ སྣང་ཞིང་སྲིད་པའི་ཕྱྭ་གཡང་ཁུག༔ བདག་ལ་སྩོལ་ཞིང་དབང་འབྱོར་མཛོད༔ ཁམས་གསུམ་འགུགས་བྱེད་ཕྱག་རྒྱ་མོ༔ ལྷ་མོ་འགུགས་བྱེད་ཆེན་མོ་ཡིས༔ སྲིད་པ་ཤར་གྱི་ཕྱྭ༴བདག་ལ་སྩོལ་ཞིང་དབང་འབྱོར་མཛོད༔ སྲིད་གསུམ་འཆིང་བྱེད་ཕྱག་རྒྱ་མོ༔ ལྷ་མོ་འཆིང་བྱེད་ཆེན་མོ་ཡིས༔ སྲིད་པ་ལྷོ་ཡི་ཕྱྭ༴བདག་ལ་སྩོལ་ཞིང་༴ཁམས་གསུམ་སྡོམ་བྱེད་ཕྱག་རྒྱ་མོ༔ ལྷ་མོ་རྨོངས་བྱེད་ཆེན་མོ་ཡིས༔ སྲིད་པ་ནུབ་ཀྱི་ཕྱྭ༴བདག་ལ་སྩོལ་ཞིང་༔ སྣང་སྲིད་མྱོས་བྱེད་ཕྱག་རྒྱ་མོ༔ ལྷ་མོ་འབེབས་བྱེད་ཆེན་མོ་ཡིས༔ སྲིད་པ་བྱང་གི་ཕྱྭ༴བདག་ལ་སྩོལ་ཞིང་༴སྣང་སྲིད་དབང་བྱེད་སྤྲུལ་པའི་གར༔ དཔལ་མགོན་བདུན་ཅུ་རྩ་ལྔ་ཡིས༔ སྲིད་པ་གསུམ་གྱི་ཕྱྭ༴བདག་ལ་སྩོལ་ཞིང་༴རོལ་བའི་རྩལ་གྱི་ཆོ་འཕྲུལ་གར༔ སྣང་སྲིད་དྲེགས་པ་འཁོར་བཅས་ཀྱིས༔ སྣང་སྲིད་ཁམས་ཀྱི་ཕྱྭ༴བདག་ལ་སྩོལ་ཞིང་༴གཞན་ཡང་དབང་ཕྱུག་ཆེན་པོ་ཡི༔ འཁོར་དང་འབངས་སུ་གཏོགས་པའི་ཚོགས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ སྟོང་གསུམ་ཡུལ་ལྷ་གཞི་བདག་གིས༔ སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་ཁུག༔ བར་སྲིད་མི་ཡི་ཕྱྭ༴འོག་ཕྱོགས་ཀླུ་ཡི་ཕྱྭ་གཡང་ཁུག༔ ཆེ་མཐོ་གྲགས་དང་སྟོབས་རྩལ་གཡང་༔ འཕན་དང་ཕྱུག་དང་དབང་ཐང་གཡང་༔ དར་དང་མཁས་བཙུན་བསོད་ནམས་གཡང་༔ ལོངས་སྤྱོད་ཕུན་སུམ་ཚོགས་པའི་གཡང་༔ མཐུ་སྟོབས་ནུས་པ་དྲག་ཤུལ་གཡང་༔ ཐམས་ཅད་འདིར་ཁུག་འདིར་འདུས་ཤིག༔ བདག་ལ་སྩོལ་ཞིང་དབང་འབྱོར་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཞག་སྟེ༔ ཁྱེད་ལ་བཅོལ་བའི་ལས་དེ་རྣམས༔ མ་ལུས་མི་འགྱང་མྱུར་འགྲུབ་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དང་པོ་བསྒྲུབ་པའི་རྟགས་ཐོན་ནས༔ ཚོགས་དང་བསྐང་བ་མང་པོ་བཏང་༔ གཞན་ཡང་བསོད་ནམས་མང་དུ་བསགས༔ དེ་མཐར་གཡང་འགུགས་འདི་ནན་བསྐྱལ༔ དེ་ཡིས་འདོད་པའི་དོན་ཀུན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྐྱེས་བུ་ངག་དར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།བཀྲ་ཤིས།།།།