TTDL-ZABTER-13-PA-059

From Dudjom Wiki
Revision as of 10:42, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-059
Wylie title TTDL-ZABTER-13-PA-059.pdf
Location bdud 'joms gling pa zab gter
Volume 13, Text 59, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བསྟན་དགྲ་གདུག་པའི་སྡེ་ཚོགས་གཟའ་བདུད་ནག་པོའི་གདོང་ལ་གཏད་པའི་མན་ངག་ཁམས་གསུམ་རོལ་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༢༣གཟའ་བདུན་ནག་པོའི་གདོང་ལ་གཏད་པ་ནི༔ གཟའ་བདུད་འགྲུབ་ནས་འགྲུབ་རྟགས་མངོན་གྱུར་མཐར༔ བསྟན་ལ་སྡང་བའི་དགྲ་བོ་གང་ཡང་རུང་༔ གཟུགས་དང་མིང་རུས་བྲིས་ནས་འགུགས་གཞུག་མཐར༔ ཟིན་ཕུང་ཁྲ་ཚ་ལ་སོགས་གཟའ་རྒྱུ་དུས༔ ཉི་མ་གཟའ་སྒྲིབ་ནག་པོ་ཆེ་ཆུང་དུས༔ དེ་ཕྱོགས་དྲག་ཤིང་ཚེར་མ་ཅན་གྱི་ཧོམ༔ བརྩིགས་ཤིང་གཟའ་ཡི་བསྐྱེད་ཆོག་བྱ༔ སྔགས་མཁན་རང་གི་ཁ་ཡང་དེ་ཕྱོགས་གྱུ༔ གཏོར་མ་འབྲུ་སྣ་ཤ་ཁྲག་སྣ་ཚོགས་པ༔ དགྲ་བོའི་མི་ཕྱུགས་འཁོར་བཅས་སོགས་དམིགས་ཏེ༔ སྔགས་མཐར་ཁཱ་ཧི་བརྒྱ་རྩ་བརྒྱད་དུ་ཕུལ༔ ལིང་གར་འགུག་གཞུག་དགྲ་བོ་དངོས་སུ་གསལ༔ དེ་མཐར་གདོང་ལ་གཏད་པར་བྱ་བ་ལ༔ ཨོཾ་སྭ་བྷཱ་ཝ་སོགས༔ མདུན་གྱི་ཧོམ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་དུག་རླངས་ནད་རླངས་སྔོ་མར་འཁྲིགས་པའི་དབུས་སུ་བྷུཿརཿཏྲིཿགསུམ་བརྩེགས་མར་གནས་པ་ཡོངས་སུ་གྱུར་པ་ལས༔ དྲང་སྲོང་གཟའ་བདུད་ཆེན་པོ་མཐིང་སེར་རྔམས་ཤིང་བརྗིད་པ་དབུ་དགུའི་སྟེང་དུ་བྱ་རོག་གི་གདོང་ནག་པོ་ཤ་སྐད་ལྷང་ལྷང་སྒྲོགས་པ་ཕྱག་བཞི་དང་པོ་གཉིས་ན་ཆུ་སྲིན་གྱི་རྒྱ་མཚན་དང་སྦྲུལ་ཞགས་བསྣམས་པ༔ འོག་མ་གཉིས་ཀྱི་རྭ་ཡི་མདའ་གཞུ་འགེངས་ཤིང་མདའི་སྣེ་དགྲ་བོའི་སྙིང་ལ་གཟེར་བ་རོ་སྟོད་མི་རུ་ཡོད་ཅིང་རོ་སྨད་སྦྲུལ་དུ་འཁྱིལ་བ་མགོ་ལུས་མེད་པར་མིག་གིས་གང་བ་ལྟོ་བར་སྣང་སྲིད་རོལ་པའི་ཞལ་གདངས་ཤིང་རྐན་སྒྲ་རྡེབ་པ་བལྟར་མི་བཟོད་པ་ཞིག་ཏུ་བསྐྱེད་དོ༔ གནས་གསུམ་ལས་འོད་ཟེར་འཕྲོས་པས་འབྱུང་བ་ལྔ་ཡི་ཁམས་ནས་རང་རྒྱུད་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བསྟིམ་མོ༔ ཧྲཱིཿཤག་རུ་རཾ་ན་གེ་ཙིཏྟ་ཏྲཾ༔ མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་གེ་ཤ་ལ་ས་མ་ཡ་ཛ་ཛཿཞེས་པའི་སྔགས་ཅི་འགྲུབ་བཟླས་ནས་བསྟིམ༔ དེ་ནས་ལིང་ག་བསྟབས་ཚུལ་རེ་བྱས་ནས་འབྲུས་སྣ་ཕུལ་ཏེ༔ ཧྲཱིཿཤག་རུ་རཾ་ན་གེ་སོགས་ས་མ་ཡ་ཆེ་གེ་མོའི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ༴མ་ཧཱ་ཙིཏྟ་ལ༴སརྦ་མཱ་ར་ཡ་ཁཱ་ཧི༔ ཅི་མང་བརྗོད་ནས་ཕུལ༔ གཏད་ཅིང་བསྟབས་པའི་རིམ་པ་ལ༔ ཧོཿརིན་ཆེན་སྙིང་པོ་རྡོ་རྗེ་ཅན༔ ཤཱཀ་ཐུབ་པད་འབྱུང་ལ་སོགས་པའི༔ རྒྱལ་དང་རྒྱལ་སྲས་སྤྱན་སྔ་རུ༔ བསྟན་དགྲ་འདུལ་ཞིང་བསྒྲལ་བ་ཡི༔ ཁས་བླངས་དམ་བཅས་གཉེར་བླངས་བཞིན༔ བཀའ་དང་དམ་ལ་མ་འདའ་བར༔ དམ་ཚིག་གཉན་པོ་གཏར་བཞག་སྟེ༔ བདག་ལ་སྡང་བའི་དགྲ་བོ་འདི༔ དེ་རིང་ཁྱོད་ལ་ཟ་སྐལ་གཏད༔ མ་ཤོར་མྱུར་དུ་ཇུར་མིད་ཐོངས༔ ཆེ་གེ་མི་ཕྱུགས་འཁོར་དང་བཅས༔ དྲང་སྲོང་ཁྱོད་ཀྱི་གདོང་ལ་གཏད༔ ཁྱབ་འཇུག་ཆེན་པོ་ཁྱོད་ལ་གཏད༔ གཟའ་བདུད་རྒྱལ་པོ་ཁྱོད་ལ་གཏད༔ ཆེ་གེ་མི་ཕྱུགས་འཁོར་དང་བཅས༔ ཁ་རླངས་དུག་གི་སྤུ་གྲིས་སོད༔ ཁྱི་ལྟོག་ཤ་ཟན་རོལ་པ་བཞིན༔ ཟོས་ལྷག་མེད་པའི་ས་ལ་གཏུག༔ ཤིན་ཏུ་སྐོམ་གྱིས་གདུང་བ་བཞིན༔ དགྲ་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང་༔ ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན༔ དགྲ་ཟས་དཀོན་ནོར་ལྷག་མེད་ཐོངས༔ རྩྭ་ཕུང་སྐམ་ལ་མེ་མཆེད་བཞིན༔ དགྲ་བོའི་ཉེ་བ་རྩ་ལག་དང་༔ དཔུང་ཚོགས་རྒྱབ་བརྟེན་དང་བཅས་པ༔ འབྲུ་དྲུག་སེར་བས་བཅོམ་བཞིན་ཐོངས༔ གདུག་ཅན་སྡང་བའི་དགྲ་བོ་འདི༔ གཟའ་བརྒྱད་དྲེགས་པའི་གདོང་ལ་གཏད༔ གདོང་མོ་བཞི་ཡི་གདོང་ལ་གཏད༔ རྒྱུ་སྐར་ཞོན་པའི་གདོང་ལ་གཏད༔ ཁྲ་ཚ་ཟིན་ཕུང་ཧལ་ཁྱི་སོགས༔ གཟན་ལ་རྒྱུ་བའི་གདོང་ལ་གཏད༔ དཀར་པོ་ལྷ་ཡི་གདོང་ལ་གཏད༔ འཆི་བདག་གཤིན་རྗེའི་གདོང་ལ་གཏད༔ སྲིད་པ་མ་མོའི་གདོང་༴ནག་པོ་བདུད་ཀྱི་གདོང་༴དམར་པོ་བཙན་གྱི་གདོང་༴སྲོག་བདག་རྒྱལ་པོའི་གདོང་༴གནོད་སྦྱིན་རྔམས་པའི་གདོང་༴སྣང་སྲིད་ལྷ་འདྲེའི་གདོང་ལ་གཏད༔ འཕྲད་དང་གསོད་པ་དུས་མཉམ་གྱིས༔ བསྲུང་བའི་འཁོར་ལོ་བཤིག་པ་དང་༔ སྐྱོབ་བྱེད་ལྷ་ཡང་བདུད་དུ་ཕོབས༔ ལྷ་དང་ཕྲལ་བའི་ཕྲ་མེན་གྱིས༔ ལས་ཀ་མཛོད་ཅིག་ས་མ་ཡ༔ མ་ཤོར་བཀའ་དམ་གཉན་པོས་གཏད༔ ལོ་ཟླར་བཞག་པའི་ལོངས་མེད་ཀྱིས༔ མ་བཞག་མྱུར་དུ་སོད་ལ་ཤོག༔ ཨ་མུ་ཀ་ཧ་ལ་རཾ་ཧ་ལ་རཾ༔ ཆོ་ཆོ༔ རྒྱུག་རྒྱུག༔ སོད་སོད༔ ཁ་རཾ་ཁཱ་ཧི༔ ཞེས་པས་ལིང་ག་འབྲུ་སྣ་ཤ་ཟན་དང་བཅས་ཧོམ་ནང་དུ་བསྲེགས་དགྲ་བོའི་མི་ཕྱུགས་འཁོར་དང་བཅས་པ་གཟའ་བདུད་འཁོར་དང་བཅས་པའི་ཞལ་དུ་སོང་བར་བསམ་ལ་བཟློག་པ་ལན་གསུམ་བྱ༔ ཐལ་སོལ་སྟེང་དུ་སཱཙྪ་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ཨ་ཐམ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་བུ་མཁྱེན་རབ་རྒྱ་མཚོ་དང་ཐུབ་བསྟན་གཉིས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།།།