ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་སྲོག་སྒྲུབ་ཙིཏྟ་དམར་འབྱིན༔

From Dudjom Wiki
Revision as of 13:12, 23 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-005
Wylie title chos nyid nam mkha'i klong mdzod las: sngags srung dbyings kyi rje mo'i srog sgrub tsit+ta dmar 'byin: TTDL-ZABTER-13-PA-005.pdf
Location bdud 'joms gling pa zab gter
Volume 13, Text 5, Pages 13-14 (Folios 1a1 to 1b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sngags srung dbyings kyi rje mo'i srog sgrub tsit+ta dmar 'byin. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 13-14. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: srog sgrub   Verso: bdud 'joms srung ma sngags srung
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity E ka dzA Ti
Colophon

ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་རིག་འཛིན་བདུད་འདུལ་རྡོ་རྗེས་ཞལ་མངོན་སུམ་དུ་གཟིགས་ནས་གནང་མཐར་ཟླ་འོད་ནས་བསྐུལ་ངོར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di nyid khrag 'thung bdud 'joms rdo rje la rig 'dzin bdud 'dul rdo rjes zhal mngon sum du gzigs nas gnang mthar zla 'od nas bskul ngor phab pa'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་སྲོག་སྒྲུབ་ཙིཏྟ་དམར་འབྱིན་བཞུགས༔ དྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོ་ཡི༔ སྲོག་སྒྲུབ་ཙིཏྟ་དམར་འབྱིན་ནི༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཟངས་ལྕགས་སྣོད་དུ་དམར་གཏོར་ནི༔ རྩེ་ཆུང་མཐོ་གང་ཟུར་གསུམ་བྱ༔ རབ་ན་ནལ་བུའི་ཤ་ཁྲག་གིས༔ འབྲིང་ན་གྲི་རྒོད་ཁྲག་གིས་བྱུག༔ ཐ་ན་སྲོག་ཆགས་ཕོ་ཡི་ཁྲག༔ མཚལ་དང་བསྲེས་ཏེ་དམར་པོ་བྱ༔ སྐྱེར་ཚེར་སོལ་བས་སྨུག་ནག་བསྒྱུར༔ སྙིང་དང་ཞིང་གི་དབྱུག་པས་མཚན༔ ཁྲག་རྐོང་སྐྱུ་གུའི་ཚོགས་ཀྱིས་བསྐོར༔ མཆོད་རྫས་ཕྱི་ནང་གསང་བ་ཡི༔ འབྱོར་ཚོགས་ཅི་རིགས་བཤམས་བྱས་ཏེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ དབྱིངས་ཀྱི་རྗེ་མོ་བསྒྲུབ་པ་ལ༔ ཧཱུྃ༔ རང་ཉིད་ཡི་དམ་ལྷ་ཡི་མདུན་ས་རུ༔ གྲུ་གསུམ་དམར་ནག་མེ་རླུང་འཁྲིགས་པའི་དབུས༔ པདྨ་ཉི་ཟླ་བམ་རོའི་གདན་གྱི་སྟེང་༔ བྷྱོ་ལས་དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ སྐུ་མདོག་དམར་ནག་ཞིང་དབྱུག་ཙིཏྟ་བསྣམས༔ དཔྲལ་བར་མིག་གཅིག་ཞལ་ན་ཚེམས་གཅིག་མ༔ ཞབས་གཅིག་གར་གྱིས་དགྲ་བོའི་སྙིང་ཁར་བརྫིས༔ འཇིགས་བྱེད་ཆེན་མོ་རལ་པའི་ཐོར་གཙུག་ཅན༔ དགྲ་གདོན་བགེགས་ཀྱི་སྲོག་དབུགས་འཕྲོག་པར་བྱེད༔ སྨྲ་བཅད་མི་དང་མི་འཕྲད་པར་འབོད་སྔགས་འདི་རྟགས་མ་བྱུང་བར་དུ་འབད༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛཿ ཞག་གསུམ་མམ་ལྔའམ་བདུན་དུ་བརྗོད་ཚེ་འཚུབ་མ་ཆེན་པོ་འཁྱོ་བ་དང་༔ སྒོ་བརྡུང་བ་དང་༔ ཐུག་ཆོམ་ཆེན་པོ་དང་༔ བུད་མེད་ཀྱི་ཚོགས་མང་པོ་འདུ་བ་དང་༔ དམར་གཏོར་ལ་མེ་འབར་བ་རྣམས་རབ་ལ་མངོན་སུམ་ཞལ་གཟིགས་པ་སོགས་མ་ངེས་པའི་ལྟས་ཆོ་འཕྲུལ་སྣ་ཚོགས་འབྱུང་༔ མདོར་ན་རབ་ལ་དངོས༔ འབྲིང་ལ་ཉམས༔ ཐ་མ་ལ་རྨི་ལམ་དུ་འབྱུང་སྟེ་འགྲུབ༔ བཟང་ངན་གང་ལ་རེ་དོགས་དགའ་སྡུག་འཇིགས་སྐྲག་ཡ་ང་བ་ཐམས་ཅད་རོ་སྙོམ་དུ་བཞག་པ་གནད་ཀྱི་ཡང་རྩེའོ༔ དམ་རྒྱ་གནད་དང་ལྡན་པས་ཞག་གསུམ་གྱིས༔ ངེས་པར་འགྲུབ་སྟེ་འགྲུབ་རྟགས་འབྱུང་འགྱུར་རོ༔ དགྲ་བགེགས་གདུག་པ་མ་ལུས་སྒྲོལ་བ་དང་༔ ཤམ་བུས་ནཱ་ག་ནན༔ པར་པ་ཏ༔ མཱ་ར་ཡ་རྦད༔ སརྦ་ཛྭ་ར་པྲ་ཤ་མ་ཎི་སྭཱ་ཧཱ༔ མཆན།བསྒྱུར་ན་རིམས་ནད་ཀུན་ཀྱང་ཐུབ༔ དམིགས་པའི་གཞི་གནད་ཞལ་ཤེས་དག་ལ་བརྟེན༔ དགོས་འདོད་ཡིད་བཞིན་འབྱུང་བའི་གནས་ཐོབ་འགྱུར༔ བཀའ་སྲུང་གཟའ་བདུད་དུག་གི་སྤུ་གྲིར་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ལ་རིག་འཛིན་བདུད་འདུལ་རྡོ་རྗེས་ཞལ་མངོན་སུམ་དུ་གཟིགས་ནས་གནང་མཐར་ཟླ་འོད་ནས་བསྐུལ་ངོར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།