ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ནོར་བདག་འདོད་རྒྱལ་དམར་པོའི་གསོལ་མཆོད༔

From Dudjom Wiki
Revision as of 10:48, 26 August 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-030
Wylie title chos nyid nam mkha'i klong mdzod las: nor bdag 'dod rgyal dmar po'i gsol mchod: TTDL-ZABTER-13-PA-030.pdf
Location bdud 'joms gling pa zab gter
Volume 13, Text 30, Pages 105-107 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las nor bdag 'dod rgyal dmar po'i gsol mchod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 105-107. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsol mchod   Verso: bdud 'joms srung ma lha chen 'dod rgyal
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Protector Rituals - gsol mchod
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity nor bdag 'dod rgyal
Colophon

ཅེས་པ་འདི་ནི་ནོར་བདག་འདོད་རྒྱལ་དམར་པོས་བྲན་དུ་ཁས་བླངས་ཚེ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གྱིས་གསུངས་པ་སྙིང་སྒྲོམ་སྨུག་པོར་བགྱིས་ཏེ་ཨ་སྤོ་སྡོང་གི་སྔགས་བཙུན་ཚོགས་མཆོག་མིང་གིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།།

ces pa 'di ni nor bdag 'dod rgyal dmar pos bran du khas blangs tshe mkha' 'gro ma ye shes mtsho rgyal gyis gsungs pa snying sgrom smug por bgyis te a spo sdong gi sngags btsun tshogs mchog ming gis bskul ngor khrag 'thung bdud 'joms rdo rje khro lod kyis dag par phab pa'o/_/dge'o/_/dge'o/_/dge'o//

[edit]
ཅྂ།།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ནོར་བདག་འདོད་རྒྱལ་དམར་པོའི་གསོལ་མཆོད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཕྱེ་མར་བཤོས་སྐྱེམས་བཟང་ཤིང་སྨན་སྤོས་དུད༔ ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་སྤེལ༔ རང་ཉིད་ཡི་དམ་ལྷ་ཡི་ཏིང་འཛིན་གྱིས༔ གཉིས་མེད་རོལ་པ་སྲོག་གི་གནད་དུ་གཅེས༔ ཨོཾ་ཨཱཿཧཱུྃ༔ བྷྲཱུྃ༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས༔ འཁོར་འདས་དག་མཉམ་གདོད་མའི་གཞི་དབྱིངས་སུ༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་རོལ་རྩལ་ལས༔ རིན་ཆེན་ནོར་བུའི་ཁང་བཟང་ཡངས་པའི་ནང་༔ འདོད་རྒུའི་དཔལ་ཡོན་མཆོད་པའི་སྤྲིན་དུ་འཁྲིགས༔ འདོད་ཡོན་ལྷ་མོ་དབང་པོའི་ཕྱག་རྒྱར་རྩེ༔ ཟླ་གམ་དབང་ཆེན་རཱ་གའི་ཁྲི་སྟེངས་སུ༔ ཕྱེད་ངོམས་ག་བུར་དབང་པོའི་གདན་བཟང་དུ༔ སྐུ་གསུམ་ལྷུན་གྲུབ་པདྨ་རྒྱལ་པོ་ཡིས༔ དབང་བསྐུར་བྱིན་རླབས་སྨོན་ལམ་རྒྱས་བཏབ་པས༔ འདོད་པའི་རྒྱལ་པོ་དབང་སྡུད་དཔའ་བོ་རྩལ༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་ན་འཛིན་བྱེད་རྡོ་རྗེ་ལྕགས་ཀྱུ་དང་༔ གཡོན་ན་འཆིང་བྱེད་གློག་གི་ཞགས་པ་བསྣམས༔ གསེར་གྱི་བུམ་པ་བཟང་པོ་མཆན་དུ་བསྟེན༔ གླང་པོའི་གདོང་ཅན་ཟླ་གཞོན་ནོར་བུའི་ཏོག༔ ལིང་ག་གྱེན་བསྒྲེང་འདོད་པའི་རོ་ལ་གདུང་༔ གཅེར་བུ་རྒྱན་སྤངས་ཆགས་པའི་ཟིལ་པ་འཁྲིགས༔ དགྱེས་བསྐང་ཨ་ཀེ་དམར་མོས་ནོར་བུ་དང་༔ གཡོན་པས་རོ་བརྒྱ་ལྡན་པའི་ཞལ་ཟས་སྟོབ༔ སྤྲུལ་པའི་ལས་བྱེད་མ་བཞི་སྡེ་བརྒྱད་བསྐོར༔ དམ་ཚིག་གཉན་པོའི་ལྷ་ཁྱོད་ད་ཚུར་སྤྱོན༔ རྣལ་འབྱོར་བདག་གི་སྲུང་མར་མངའ་གསོལ་ལོ༔ ཡུལ་སྡེ་འདི་ཡི་བདག་པོར་མངའ་གསོལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་སྐྱེས་པ་ཡི༔ འདོད་ཡོན་མཆོད་སྤྲིན་ནམ་མཁའི་མཛོད་དུ་འབུལ༔ སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་ནི༔ ཁྱོད་ཀྱིས་འདོད་རྒུ་མི་ཟད་ཐོབ་པར་ཤོག༔ བདེ་སྐྱིད་ལོངས་སྤྱོད་དགའ་བའི་དབང་འབྱོར་ནས༔ ཉམས་ནུབ་མེད་པར་རྟག་ཏུ་དར་རྒྱས་ཤོག༔ ཁྲག་འཐུང་བདུད་འཇོམས་དཔའ་བོའི་བཀའ་བཞིན་དུ༔ ཁྱོད་ལ་བརྟེན་བཅས་མཆོད་བསྟོད་བྱེད་པ་དག༔ རྟག་ཏུ་སྲུང་སྐྱོབས་ཁ་འཛིན་སྡོང་གྲོགས་མཛོད༔ སངས་རྒྱས་བསྟན་སྐྱོང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོངས་ཉམས་པའི་དགྲ་བགེགས་སྒྲོལ༔ མི་ནད་ནོར་གྱི་གོད་ཁ་མཐའ་དག་བཟློག༔ བཙན་ཕྱུག་འཕན་དར་དཔལ་ཡོན་དངོས་གྲུབ་སྩོལ༔ དགྲ་ཇག་ཆོམ་རྐུན་གཅན་གཟན་གནོད་པ་བཟློག༔ འཁྲུགས་དང་རྩོད་པ་ཁ་མཆུ་མེད་པར་མཛོད༔ བུ་སློབ་དགོན་སྡེ་གྲྭ་ཚན་ཐམས་ཅད་དང་༔ སྐྱེས་པ་ཕོ་མོ་མིང་སྲིང་བཅས་པ་ཀུན༔ ཕན་ཚུན་བྱམས་བརྩེ་མཐུན་པའི་དགེ་ལྡན་མཛོདབཀའ་དང་དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་ཁྱོད་མཆོད་བརྟེན་པའི་རྟེན་འབྲེལ་དང་༔ བླ་མེད་རྡོ་རྗེ་ཐེག་པའི་མཐུ་སྟོབས་ཀྱིས༔ བདག་ཅག་ལྷ་མི་འཁོར་དང་བཅས་པ་ཀུན༔ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག༔ ཅེས་པ་འདི་ནི་ནོར་བདག་འདོད་རྒྱལ་དམར་པོས་བྲན་དུ་ཁས་བླངས་ཚེ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གྱིས་གསུངས་པ་སྙིང་སྒྲོམ་སྨུག་པོར་བགྱིས་ཏེ་ཨ་སྤོ་སྡོང་གི་སྔགས་བཙུན་ཚོགས་མཆོག་མིང་གིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།། །།