ཆོས་ཉིད་ནམ་མཁའི་མཛོད་ལས༔ སྦས་ཡུལ་པདྨ་བཀོད་ཀྱི་སྲུང་མ་གཉན་པོའི་བསང་མཆོད་བདུད་རྩིའི་སྤྲིན་དཔུང་༔

From Dudjom Wiki
Revision as of 08:55, 28 August 2024 by Mort (talk | contribs)

TTDL-ZABTER-13-PA-100
Wylie title chos nyid nam mkha'i mdzod las: sbas yul pad+ma bkod kyi srung ma gnyan po'i bsang mchod bdud rtsi'i sprin dpung: TTDL-ZABTER-13-PA-100.pdf
Location bdud 'joms gling pa zab gter
Volume 13, Text 100, Pages 369-370 (Folios 1a1 to 1b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i mdzod las sbas yul pad+ma bkod kyi srung ma gnyan po'i bsang mchod bdud rtsi'i sprin dpung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 369-370. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bsang mchod   Verso: bdud 'joms pad bkod srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Smoke Offerings - bsangs mchod - lha bsang
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Srung ma
Colophon

ཞེས་པ་འདི་ཉིད་ས་སྤྱོད་གནས་ཀྱི་ཡ་གྱལ་དང་འབྱུང་ཁུང་དུ་གྱུར་པ་པདྨ་བཀོད་ཀྱི་བསང་མཆོད་སྲུང་མ་དགྱེས་པར་བྱེད་པའི་ཆོ་ག་འདི་ནི་བདུད་འཇོམས་རྡོ་རྗེས་འཕྲལ་དུ་སྨྲས་པའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di nyid sa spyod gnas kyi ya gyal dang 'byung khung du gyur pa pad+ma bkod kyi bsang mchod srung ma dgyes par byed pa'i cho ga 'di ni bdud 'joms rdo rjes 'phral du smras pa'o/_/dge'o/_/dge'o/_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་མཛོད་ལས༔ སྦས་ཡུལ་པདྨ་བཀོད་ཀྱི་སྲུང་མ་གཉན་པོའི་བསང་མཆོད་བདུད་རྩིའི་སྤྲིན་དཔུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) ཕྱེ་མར་སུར་ཤུག་དུད་པ་ལ༔ མཁན་པ་གསེར་གྱི་ལོ་མ་ཅན༔ གང་ལ་གང་འདོད་ལོངས་སྤྱོད་གཏེར༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར༔ ཇི་བཞིན་ཡོན་ཏན་ཀུན་ལྡན་དུ༔ ཡིད་ཀྱིས་འཕྲུལ་ཏེ་འདི་བརྗོད་བྱ༔ རང་ཉིད་རྡོ་རྗེ་ཁྲོ་ལོད་བསྒོམ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་དབྱིངས༔ ལྗོངས་ལྔ་གླིང་དྲུག་ལུང་ཆེན་བཞིའི༔ དབུས་ཀྱི་གནས་མཆོག་པདྨ་བཀོད༔ དེ་དང་དེར་བཞུགས་དཔའ་བོ་དང་༔ དཔའ་མོ་མཁའ་འགྲོ་རྒྱ་མཚོའི་ཚོགས༔ བསང་མཆོད་གནས་འདིར་གཤེགས་སུ་གསོལ༔ རྡོ་རྗེ་ཕག་མོ་གན་རྐྱལ་དུ༔ གནས་པའི་ཕུང་པོའི་གྲོང་ཁྱེར་ན༔ རྟེན་བཅས་ཨོ་རྒྱན་པདྨ་ཡི༔ བཀའ་དང་ཐ་ཚིག་ལ་གནས་པའི༔ ཕུ་ན་འཁོད་པའི་གནས་བདག་བསང་༔ མདའ་ན་གནས་པའི་གནས་བདག༴གངས་རིས་དཀར་ལ་གནས་པ༴སྨུག་པོ་རྫ་ལ་གནས་པ༴སྲ་བ་བྲག་ལ་གནས་པ༴སྐྱེ་བ་ཤིང་བ་གནས་པ༴འབབ་པ་ཆུ་ལ་གནས་པ༴བརྟེན་པ་ས་ལ་གནས་པ་བསང་༔ གཞན་ཡང་རིག་འཛིན་པདྨ་ཡི༔ ཕྲིན་ལས་ལས་ཀྱི་ཕོ་ཉ་བ༔ དབང་ཕྱུག་ཆེན་པོ་ལ་སོགས་པའི༔ སྣང་སྲིད་དབང་བྱེད་བདག་པོས་བསང་༔ ཞིང་སྐྱོང་མགོན་པོ་ལ་སོགས་པའི༔ ཞིང་དང་ཉེ་ཞིང་སྐྱོང་མཛད་བསང་༔ ནག་པོ་སྟོང་དང་ཤན་པ་འབུམ༔ མ་མོ་བྱེ་བའི་སྡེ་ཚོགས་བསང་༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ བསྟན་སྲུང་དམ་ཅན་རྒྱ་མཚོ་བསང་༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ བསམ་པ་བསྒྲུབ་ལ་རེ་ལ་སྐོངས༔ ལམ་དགྲ་བར་ཆད་གེགས་རྣམས་ཐུལ༔ མཐུན་རྐྱེན་ལེགས་སྒྲུབ་ལམ་སྣ་དྲོངས༔ བཀའ་དང་དམ་ཚིག་དཔང་དུ་བཙུགས༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་བསང་མཆོད་བྱས་པ་ཡིས༔ འདོད་དོན་འབད་མེད་ལྷུན་གྲུབ་ཅིང་༔ བསམ་པའི་དོན་དེ་ངེས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་ས་སྤྱོད་གནས་ཀྱི་ཡ་གྱལ་དང་འབྱུང་ཁུང་དུ་གྱུར་པ་པདྨ་བཀོད་ཀྱི་བསང་མཆོད་སྲུང་མ་དགྱེས་པར་བྱེད་པའི་ཆོ་ག་འདི་ནི་བདུད་འཇོམས་རྡོ་རྗེས་འཕྲལ་དུ་སྨྲས་པའོ། །དགེའོ། །དགེའོ། །དགེའོ།། །།