TTDL-ZABTER-15-BA-105

From Dudjom Wiki
Revision as of 15:20, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-105
Wylie title TTDL-ZABTER-15-BA-105.pdf
Location bdud 'joms gling pa zab gter
Volume 15, Text 105, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་ལ་བསང་མཆོད་འབུལ་བའི་ཆོ་ག་ཕ་རོལ་དཔུང་འཇོམས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༤༤༡བསང་མཆོད་ལག་ལེན་རིམ་པ་ལ༔ བཟང་ཤིང་ཕྱེ་མར་འབྲུ་སྣ་དང་༔ བཟའ་རྒྱུ་འོས་པའི་ཟས་སྣ་བསྲེགས༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ ནམ་མཁའ་མཛོད་སྔགས་རྟེན་སྙིང་གིས༔ ལྷ་ཀླུ་མི་ཡི་ཟས་ནོར་དཀོར༔ འདོད་རྒུའི་དཔལ་ཡོན་ཕུན་ཚོགས་ཀྱིས༔ དཔག་བསམ་ནམ་མཁའི་ཁྱོན་རྣམས་ཀུན༔ ཡོངས་སུ་ཁྱབ་པར་ཡིད་ཀྱིས་སྤྲུལ༔ རང་ཉིད་པདྨ་འབྱུང་གནས་བསྒོམ༔ ན་མོ༔ བླ་ན་མེད་པའི་དཀོན་མཆོག་གསུམ༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་པའི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ ཡུལ་ལྷ་རྫ་རྒྱལ་འཕན་ཕྱུག་དང་༔ བཙུན་མོ་སྲས་འཁོར་བཅས་པ་རྣམས༔ མཆོད་ཡུལ་མགྲོན་དུ་མཆིས་གྱུར་ཏེ༔ ལུས་དང་གྲིབ་མ་བཞིན་འགྲོགས་ནས༔ འདོད་དོན་ཡིད་བཞིན་འགྲུབ་གྱུར་ཅིག།བྷྲཱུཾ༔ རིན་ཆེན་སྣ་ལྔ་ལས་གྲུབ་པའི༔ མེ་ཐབ་ཡངས་ཤིང་རྒྱ་ཆེའི་ཁར༔ བཟང་ཤིང་སྤོས་དང་དྲི་བཟང་རིགས༔ འབྲུ་སྣ་ཟས་སྣ་ཤིང་ཐོག་དང་༔ བཟང་དྲུག་སྨན་སྣ་བསྲེགས་པ་ཡིས༔ དུད་སྤྲིན་ནམ་མཁའ་ཁྱབ་པ་ལས༔ ལྷ་ཀླུ་མི་ཡི་ཟས་ནོར་དཀོར༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད༔ ལོངས་སྤྱོད་རྒྱན་གྱི་འཁོར་ལོ་འདིས༔ རྫ་ཡི་རྫ་རྒྱལ་འཕན་ཕྱུག་བསང་༔ བཙུན་མོ་ཀླུ་ལྕམ་ཆེན་པོ༴མི་ཕམ་རྡོ་རྗེ་དགྲ་འདུལ༴དཔལ་བསྐྱེད་གཏེར་གྱི་བདག་པོ༴འགུགས་བྱེད་རྡོ་རྗེ་གློག་ཞགས༴བདུད་པོ་སྲོག་ལེན་ནག་པོ༴རྟ་ལྷ་བཙན་རྒོད་དམར་པོ༴ལུག་ལྷ་གང་བ་གསེར་ཞལ༴དཀོར་བདག་བྲག་སྲིན་དཔལ་མོ༴གནག་ལྷ་ནོར་བུ་འོད་འབར༴ཟས་ལྷ་དུང་ཞལ་དཀར་པོ༴ལས་མཁན་སྔོ་ཚོགས་གཡུ་རྩེ༴མྱུར་མགྱོགས་སྤུ་གྲི་འབར་བ༴རྒྱབ་བརྟེན་རྨ་ཆེན་སྤོམ་ར༴གཡས་ནས་འཁོར་བའི་ལྷ་དམག༴མདུན་ནས་འདུད་པའི་ཀླུ་དམག་༴གཡོན་ནས་བཀའ་ཉན་བཙན་དམག༴དམུ་གཏོད་སྨན་མོའི་སྡེ་ཚོགས་བསང་༔ འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས༔ རིག་འཛིན་པདྨ་འབྱུང་གནས་སོགས༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ བཀའ་དང་དམ་ཚིག་དྲན་མཛོད་ལ༔ ཕྱོགས་འདིར་ཁྱེད་ལ་མཆོད་གསོལ་གྱིས༔ རྗེ་དཔོན་འབངས་སྡེ་བཅས་པ་ལ༔ གཡེལ་བ་མེད་པའི་སྲུང་སྐྱོབ་མཛོད༔ མི་ནད་ནོར་གྱི་གོད་ཁ་དང་༔ མི་མཐུན་ཕྱོགས་ཀུན་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་དཀོར༔ དཔལ་རྩལ་སྙན་གྲགས་རྒྱས་པས་མཛོད༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས༔ རང་དབང་མེད་པར་དབང་དུ་བསྡུས༔ འབངས་སྡེ་བྲན་དུ་ཁོལ་བར་མཛོད༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མདོར་ན་གནོད་ཅིང་འཚེ་བའི་རིགས༔ མ་ལུས་ཐལ་བའི་རྡུལ་བཞིན་རློགས༔ དུས་གསུམ་རྒྱལ་བ་སྲ་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཞག་སྟེ༔ བཀའ་བསྒོ་ཡིན་ནོ་བཀའ་བ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས་༔ ཁྱེད་ཀྱི་ཐུགས་དང་འགལ་བའི་ལས༔ བྱས་དང་བྱེད་འགྱུར་མཆིས་སྲིད་ན༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས༔ མཁོན་དང་འགལ་བ་འདུམ་གྱུར་ཏེ༔ ཕ་མ་བུ་ཚ་བཞིན་བརྩེ་སྐྱོང་༔ མ་གཡེལ་མ་འགྱངས་སྲུང་མ་མཛོད༔ ལུས་དང་གྲིབ་མ་ཇི་བཞིན་དུ༔ འགྲོགས་ནས་འདོད་པའི་དོན་རྣམས་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པ་དང་༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་ཡིད་ལ་བྱས་ནས་སུ༔ བསང་མཆོད་བྱས་པས་བྲན་བཞིན་འཁོར༔ ཕྲིན་ལས་སྒྲུབ་པར་གདོན་མོ་ཟ༔ ས་མ་ཡ༔ ཨྠིྀ༔ ཞེས་པ་འདི་ཀུན་བཟང་བསྟན་འཛིན་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཕབ་པ་ཡོངས་སུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ།།།།