མི་འདའ་རྡོ་རྗེའི་གཏན་ཚིག༔

From Dudjom Wiki
Revision as of 16:15, 3 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-058
Wylie title mi 'da' rdo rje'i gtan tshig: TTDL-ZABTER-15-BA-058.pdf
Location bdud 'joms gling pa zab gter
Volume 15, Text 58, Pages 267-270 (Folios 1a1 to 2b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Mi 'da' rdo rje'i gtan tshig. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 267-270. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bka' sgo springs dar   Verso: bdud 'joms zab gter
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Flags - dar cha
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Colophon

ཞེས་པ་འདི་ཀུན་བཟང་བསྟན་འཛིན་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།།

zhes pa 'di kun bzang bstan 'dzin nas bskul ngor bdud 'joms rdo rjes nam mkha'i mdzod las bsgyur ba yongs su dge bar gyur cig_/sarba mang+ga laM//

[edit]
༁ྃ༔ མི་འདའ་རྡོ་རྗེའི་གཏན་ཚིག་བཞུགས༔ ན་མོ༔ འཁོར་འདས་ཡོངས་ཀྱི་ཁྱབ་བདག་ཆོས་སྐུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་མཚོ་ལ་སོགས་པའི་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དཔང་དུ་བཞུགས་ཤིང་ཐུགས་མཁྱེན་བརྩེ་ནུས་པའི་རྩལ་གྱིས་དགོངས་སུ་གསོལ༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་ཡབ་ཆེ་མཆོག་ཧཱུྃ་ཆེན་ཀཱ་ར༔ ཡུམ་ཁྲོ་མོ་གནམ་ཞལ་མ་སྲས་ཁྲག་འཐུང་རིགས་ལྔ་ལ་སོགས་པའི་ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དཔང་དུ་བཞུགས་ཤིང་ཐུགས་མཁྱེན་བརྩེ་ནུས་པའི་རྩལ་གྱིས་དགོངས་སུ་གསོལ་ལོ༔ སྟོན་པ་རྡོ་རྗེ་འཆང་ཆེན་གསང་བདག་ཕྱག་ན་རྡོ་རྗེ་རིག་འཛིན་པདྨ་འབྱུང་གནས་རྗེས་འབངས་ཉི་ཤུ་རྩ་ལྔ་མ་ཅིག་ལབ་ཀྱི་སྒྲོན་མ་ལ་སོགས་པའི་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དཔང་དུ་བཞུགས་ཤིང་ཐུགས་མཁྱེན་བརྩེ་ནུས་པའི་རྩལ་གྱིས་དགོངས་སུ་གསོལ་ལོ༔ ཀྱཻ༔ དཔལ་མགོན་ལེགས་ལྡན་ནག་པོ་མན་ཆད་ནས་ཐེའུ་རང་ཕྲན་བུ་ཡན་ཆད་ཀྱི་སྣང་སྲིད་ལྷ་འདྲེ་ཀུན་གྱིས་ཉོན་ཅིག༔ མཐོ་བ་པེ་ཧར་རྒྱལ་པོ་མན་ཆད་ནས་དམའ་བ་གྲོང་འདྲེ་ཕྲ་མོ་ཡན་ཆད་ཀྱི་སྣང་སྲིད་ལྷ་འདྲེ་ཀུན་གྱིས་ཉོན་ཅིག༔ མཐོ་བ་ཡབ་ས་བདག་འཁོར་ལོས་བསྒྱུར་རྒྱལ་ཡུམ་ས་ཡི་ལྷ་མོ་བརྟན་མ་མན་ཆད་ནས་དམའ་བ་ས་སྲིན་འབྱུང་པོ་ཡན་ཆད་ཀྱི་སྣང་སྲིད་ལྷ་འདྲེ་ཀུན་ཉོན་ཅིག༔ སྟོད་མངའ་རི་སྐོར་གསུམ་གྱི་བདག་པོ་གངས་དཀར་ཏེ་སེ༔ བར་དབུས་གཙང་རུ་བཞིའི་བདག་པོ་གཉན་ཆེན་ཐང་ལྷ༔ སྨད་མདོ་ཁམས་སྒང་དྲུག་གི་བདག་པོ་ཨ་མྱེ་རྨ་རྒྱལ་སྤོམ་ར་ལ་སོགས་པའི་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྣང་ཞིང་སྲིད་པའི་ལྷ་འདྲེ་སྟོང་གསུམ་ཡུལ་ལྷ་གཞི་བདག་ཕོ་གདོན་རྒྱལ་པོ་ཕོ་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་༔ མོ་གདོན་བསེན་མོ་ལ་སོགས་པའི་མོ་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དང་༔ རྫ་རི་དང་གངས་རི༔ སྤང་རི་དང་ནགས་རི༔ བྲག་རི་དང་ཆུ་མཚོ༔ ལུང་པ་དང་ཐང་ལམ༔ བྱང་རོང་ཀུན་ཏུ་གནས་ཤིང་རྒྱུ་བའི་ལྷ་འདྲེ་དང་༔ ས་བདག་གཞི་བདག༔ བཙན་གཉན་ཀླུ་བདུད་དང་བཅས་པའི་ལྷ་འདྲེ་ཀུན་གྱིས་ཉོན་ཅིག༔ གོང་དུ་དཔང་དུ་བཞག་པའི་དཀོན་མཆོག་རྩ་གསུམ་སྐུ་གསུམ་ཞི་ཁྲོ་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་བཀའ་དང་དམ་ཚིག་གཉན་པོ་གཏའ་རུ་བཞག་ཅིང་དཔང་དུ་བཙུག་ཏེ་བཀའ་བསྒོ་བ་ནི༔ གནས་ཡུལ་འདི་དང་སྐྱེས་བུ་ཆེ་གེ་མོ་ཞེས་བྱ་བའི་མི་རྟ་གནག་ལུག་དཀོར་ནོར་དང་བཅས་པ་ཐམས་ཅད་ལ་གནོད་གདུག་དྲག་ཤུལ་སྡང་རྒོལ་གྱི་བསམ་ངན་ཐམས་ཅད་སྤོང་ལ༔ བཟུང་བ་ཐོངས༔ བཅིངས་པ་ཁྲོལ༔ བསྡམས་པ་གློད༔ མནན་པ་ཁྱོག༔ ཟོས་པ་སྐྱུགས༔ འདྲེ་དང་ཕྲོལ༔ བགེགས་བྱེད་དང་དབྱེས༔ ལྟོག་འགོང་དབུལ་སྲི་ཐམས་ཅད་ལུས་པ་མེད་པར་བསྡུས་ཤིང་དེད་ལ་ཡུལ་གཞན་དུ་འགྲོ་བར་གྱིས་ཤིག༔ ཕྱིན་ཆད་ཕ་མ་བུ་ཚ་བཞིན་དུ་བྱམས་པ་དང་བརྩེ་བའི་སྒོ་ནས་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་བྱེད་པོ་གྱིས་ཤིག༔ བཀའ་བསྒོས་སོ༔ དམ་བསྒྲག་གོ༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བཀའ་དམ་གཉན་པོ་དཔང་དུ་བཙུག་གཏའ་རུ་བཞག་པའི་སྤྲིང་ཡིག་འདི་བཞིན་དུ་མ་འགྱངས་མ་འདའ་མ་གཡེལ་བར་ཐོགས་པ་མེད་པར་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་ཕཊ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་བཛྲ་གུ་རུ་རཀྵ་ཀྲོ་དྷ་ཧཱུྃ་ཕཊ༔ ཨོཾ་ཧྱ་གྲཱི་ཝ་ཁྲོཾ་བྷྱོ་ཧཱུྃ་ཕཊ༔ ཨ༔ ཡཿ མཿ དུཿ རུཿ ཙཿ ཤཿ ནཿ དུ་ཏྲི་བྷྱོ་ཟློག་རྦད་ནན༔ དར་ལ་བྲིས་ཏེ་ཕྱར་བས་སྨོན་པ་བཞིན་དུ་ལས་བྱེད་དོ༔ སྟེང་དུ་ཕུར་བུ་དང་རྡོ་རྗེ་བྲི་བར་བྱའོ༔ ས་མ་ཡ༔ གུ་ཧྱ༔ ཞེས་པ་འདི་ཀུན་བཟང་བསྟན་འཛིན་ནས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།