TTDL-ZABTER-18-TSHA-006

From Dudjom Wiki
Revision as of 14:01, 6 September 2024 by Mort (talk | contribs)

TTDL-ZABTER-18-TSHA-006
Wylie title TTDL-ZABTER-18-TSHA-006.pdf
Location bdud 'joms gling pa zab gter
Volume 18, Text 6, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
[edit]
༄༅། །གྲགས་པ་ལ་གདམས་པ།ངེས་གསང་སྙིང་པོའི་དོན་ལ་རྒྱུད་འདྲིས་ཕྱིར། །ངོ་བོ་ལམ་དུ་བྱེད་པ་གནད་ཀྱི་མཆོག །ཇི་ལྟར་ནམ་མཁའི་གློག་འཁྱུག་སྣང་བ་ཡང་། །གང་གིས་བཅོས་སུ་མེད་དེ་ནམ་མཁར་ཞི། །འགྱུ་བ་གང་ཤར་དེ་བཞིན་སེམས་སུ་ཞི། །ཆུ་ཡི་གཉེར་མ་མ་བཅོས་ཆུ་རུ་ཞི། །དེ་བཞིན་རྣམ་རྟོག་འགྱུ་བ་ཐམས་ཅད་ཀུན། །རིག་དང་མ་རིག་མེད་དེ་སེམས་སུ་ཡལ། །གང་ཤར་སྣང་བ་ནམ་མཁའི་སྤྲིན་དང་མཚུངས། །གང་གིས་བཅོས་སུ་མེད་དེ་དབྱིངས་སུ་ཡལ། །འགྱུ་བར་མ་ཞེན་ཞེན་པ་འཚོ་སྐྱོང་ཡིན། །འགྱུ་བར་མ་ལྟ་ལྟ་མཁན་གཉིས་འཛིན་ཡིན། །འགྱུ་རྗེས་མ་འབྲང་དེ་སེམས་རྗེས་འབྲང་ཡིན། །འགྱུ་བ་རྗེས་སུ་རིག་ན་རྗེས་གཅོད་ཡིན། །འགྱུ་བར་བལྟས་ཤིང་བསྒུག་ན་མདུན་བསུ་ཡིན། །འགྱུ་རྟོག་ཐད་ཀར་གཅོད་པ་བློ་བཅོས་ཡིན། །དེ་ལྟར་མ་བྱེད་ཐ་མལ་སེམས་བཞིན་དུ། །རྣམ་རྟོག་འགྱུ་བ་མ་བཅོས་མི་མཐོང་ངང་། །རང་ཁར་ཡན་པ་རིག་པ་རང་གི་གཤིས། །ཡེ་གནས་ཤེས་པ་ཀུན་ཤེས་ཀུན་རིག་སྟེ། །དྭངས་གསལ་རྙོགས་བྲལ་སྣང་བའི་ཆོས་སོ་ཅོག །རྒྱ་མཚོར་གཟའ་སྐར་བཞིན་དུ་འཆར་བའི་ཡུལ། །ཡེ་གནས་གོ་མ་འགག་ཅིང་སྤྲོས་མཐའ་བྲལ། །ཁྱབ་བརྡལ་ནམ་མཁའི་ངོ་བོ་རང་རིག་པ། །མངོན་གྱུར་ཆེན་པོ་སྒོམ་གྱི་དམ་པ་ཡིན། །འཁོར་འདས་སྣང་སྲིད་ཉིད་ལས་མི་གཞན་པ། །མངོན་གྱུར་ཆེན་པོ་ལྟ་བའི་རྒྱལ་པོ་ལགས། །ཡེ་གནས་ཤེས་པ་རང་ཡན་མངོན་གྱུར་པ། །སྒོམ་གྱི་དམ་པ་ཡིན་ཏེ་ཡིད་ཆེས་མཛོད། །བཅས་བཅོས་སྤང་ལེན་འཛིན་ཞེན་མེད་པ་ཉིད། །སྤྱོད་པ་ཕུལ་ཕྱིན་ཡིན་ནོ་རྣལ་འབྱོར་ཚོ། །ཚོགས་དྲུག་ཤེས་པ་སྣང་བའི་ཡུལ་ཡིན་ཏེ། །སྣང་བ་དེར་འཛིན་མེད་པར་རང་སར་ཞོག །ཚོགས་དྲུག་ཡུལ་རྣམས་རྣམ་པར་རྟོག་པ་ཡང་། །གོ་རིག་མྱོང་ཞེན་མེད་པར་རང་ཡན་ཐོང་། །སྒོ་གསུམ་མ་བཅོས་ངང་དུ་སྡོད་ནུས་ན། །བྱ་བ་དགུ་ཕྲུགས་བཏང་བ་དེ་ལ་ཟེར། །ངོ་བོ་ཡེ་སྟོང་རང་གསལ་གོ་མ་འགགས། །ཐུགས་རྗེའི་མངོན་གྱུར་ཡེ་ཤེས་གསུམ་སྦྱོར་བ། །རྫོགས་ཆེན་རིག་པ་བྱ་བ་དེ་ལ་ཟེར། །ཁྲེགས་ཆོད་གཞི་ཡི་གནས་ལུགས་རྟོགས་བྱས་ནས། །མྱུར་ལམ་ཐོད་རྒལ་ཟབ་མོ་ཉམས་ལེན་ན། །ཚེ་འདིར་མངོན་འཚང་རྒྱ་འོ་རྣལ་འབྱོར་པ། །ཕྱི་སློང་ལྷ་འདྲེས་ཆོ་འཕྲུལ་སྣ་ཚོགས་དང་། །ནང་སློང་ལུས་ཀྱི་ན་ཚ་ཟུག་རྔུ་དང་། །གསང་སློང་སེམས་ཀྱི་དགའ་སྡུག་སྣ་ཚོགས་པ། །བདེན་མེད་རྫུན་མ་ཉམས་ཀྱི་རི་མོ་ཡིན། །དེ་གང་ངོ་ཤེས་ངང་ལ་མ་བཅོས་ཞོག །བཟང་ངན་མེད་པའི་ངང་དུ་རང་ཡལ་འགྲོ། །མི་རྒན་བདག་གི་འཆོལ་ཚིག་ལབ་མོ་ཡིན། །རྒྱུད་ལུང་མན་ངག་ཀློང་མཛོད་འདུས་པའི་ས། །བདེ་གཤེགས་སྙིང་པོའི་དབྱིངས་ནས་བཏོན་པ་ཡིན། །དབང་དང་སྐལ་བ་ཅན་ལ་ཕན་བདེ་འབྱུང་། །ཞེས་རྣལ་འབྱོར་དབང་ཕྱུག་གྲགས་པས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སོ། །དགེའོ། །། །