ཚེ་འདིའི་བྱ་བ་སོགས་གུ་རུ་དབང་ལ་གདམས་པ་དང་། ཨཻ། ཐར་མེད་འཁོར་བའི་སོགས་ཀརྨ་དབང་ལ་གདམས་པ་བཅས།

From Dudjom Wiki
Revision as of 14:58, 6 September 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-013
Wylie title tshe 'di'i bya ba sogs gu ru dbang la gdams pa dang/ ai/ thar med 'khor ba'i sogs karma dbang la gdams pa bcas TTDL-ZABTER-18-TSHA-013.pdf
Location bdud 'joms gling pa zab gter
Volume 18, Text 13, Pages 59-61 (Folios 30a1 to 21a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. tshe 'di'i bya ba sogs gu ru dbang la gdams pa dang ai thar med 'khor ba'i sogs karma dbang la gdams pa bcas. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: 59-61. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
Colophon

།ཞེས་བདུད་འཇོམས་རྡོ་རྗེས་སོ། །དགེའོ།།

/zhes bdud 'joms rdo rjes so/_/dge'o//

[edit]
༄༅། །ཚེ་འདིའི་བྱ་བ་རྨི་ལམ་གནས་སྐབས་ཙམ། །ཤེས་ནས་རང་མགོ་འདོན་པ་ཞིག་ལ་རེམ། །སྐྱིད་འདོད་བྱ་བ་བྱིས་པའི་རྩེད་མོ་འདྲ། །མདོ་མེད་ཚེ་འདིའི་དོན་གཉེར་སྤང་བར་མཛོད། །སེམས་ཀྱི་ངོ་བོ་ཁྱབ་བརྡལ་སྤྲོས་མཐའ་བྲལ། །ཡུལ་མེད་ཟང་ཐལ་མཐོང་ན་ལྟ་བ་ལགས། །དེ་ལ་གཏད་སོ་མེད་དོ་གུ་རུ་དབང་། །སྒོམ་པ་ཡེངས་མེད་ཤེས་པ་རྒྱ་ཡན་ནེ། །དྭངས་གསལ་རྙོགས་མ་བྲལ་བའི་ཟང་ཀ་མ། །ཆོས་ཉིད་མངོན་གྱུར་ལྐུག་པའི་རྨི་ལམ་འདྲ། །དེ་ལ་སྤོང་ལེན་མེད་དོ་གུ་རུ་དབང་། །སྒོ་གསུམ་བྱ་བ་དགུ་ཕྲུགས་ཆེན་པོར་བཞག །རྩོལ་མེད་རང་བབས་བྱ་བྲལ་ངང་གནས་ཤིང་། །ཅི་ཡང་མི་སྒོམ་མི་ལྟ་མི་འཛིན་པ། །སྤྱོད་པ་རང་བབ་བྱུང་རྒྱལ་ཆེན་པོ་ཡིན། །དེ་ལ་བཅས་བཅོས་མེད་དོ་གུ་རུ་དབང་། །སྒོམ་པའི་སྒྲུབ་མཐའ་ཤི་བའི་དུས་ལ་གཏུག །ཕྱི་ཡི་སྣང་བ་དབྱིངས་སུ་མ་ཞིག་བར། །རྣམ་པར་གྲོལ་བའི་འབྲས་བུ་ཐོབ་མ་ཡིན། །དེ་ཕྱིར་ཆོས་ཟད་བློ་འདས་དབྱིངས་སུ་གཏུག །འདི་ལ་ལྟད་མོ་ལྟོས་ཤིག་མགོ་མ་རྨོངས། །ད་རེས་འཁོར་འདས་གཉིས་ཀྱི་ས་མཚམས་ཡིན། །གྲོལ་འཁྲུལ་གང་བྱེད་རང་ལ་རག་ལས་པས། །བློ་ཐག་ངེས་པར་ཆོད་ཅིག་གུ་རུ་དབང་། །ཞེས་བདུད་འཇོམས་པས་སོ། །། ། ༈ ཨཻ། ཐར་མེད་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ལས་ངན་རྣམ་གཡེངས་ལེ་ལོའི་ཇག་པ་རྒོད། །རྟག་འཛིན་ཞེན་པའི་ཐག་པ་དམ་པོས་འཁྱུད། །འཁོར་བའི་བྱ་བ་བྱིས་པའི་རྩེད་མོ་འདྲ། །ཚེ་འདིའི་སྣང་བ་སྒྱུ་མའི་ལྟད་མོ་འདྲ། །འདོད་ཡོན་ལོངས་སྤྱོད་འཇའ་ཚོན་བྲག་ཆ་འདྲ། །མི་ཚེ་ཟད་པའི་ལྷག་མ་དགོང་མོ་ཙམ། །ཤེས་ནས་དབེན་པའི་རི་ལ་གཅིག་པུར་སྡོད། །ཆོས་པའི་སྙིང་རྡོ་ཡིན་ནོ་ཀརྨ་དབང་། །འགྱུ་བ་རིག་རིག་རིག་བྱ་རིག་བྱེད་ཡོད། །རིག་མེད་རང་ཁར་ཐོངས་ཤིག་ཀརྨ་དབང་། །ཏིག་ཏིག་སྒོམ་ལ་སྒོམ་བྱ་སྒོམ་བྱེད་ཡོད། །སྒོམ་མེད་རྒྱ་ཡན་ངང་དུ་རང་ཡན་ཐོངས། །ནང་དུ་བསྡམ་ལ་བསྡམ་བྱ་སྡོམ་བྱེད་ཡོད། །ཤུགས་འབྱུང་རང་བབ་ངང་དུ་ལྷོད་དེ་ཞོག །ཕྱི་རུ་གཏད་ལ་གཏད་བྱ་གཏད་བྱེད་ཡོད། །གཏད་མེད་རྒྱ་ཡན་ངང་དུ་ཕྱལ་ཡས་མཛོད། །ནམ་མཁའ་རྣམ་པར་དག་པ་གཞི་ཡི་དབྱིངས། །དྭངས་གསལ་རྙོགས་བྲལ་རྒྱ་མཚོ་ལམ་དུ་ཟུངས། །རང་ངོ་རང་གྲོལ་རྒྱལ་པོ་འབྲས་བུའི་ས། །རིག་པ་དྭངས་སངས་བརྗོད་མེད་ཡང་ཁྲོལ་ལེ། །དེ་ལ་མྱོང་ཞེན་མེད་དོ་ཀརྨ་དབང་། །རིག་པ་སྒོམ་མེད་གཏད་མེད་འཛིན་པ་མེད། །དེ་ལ་གཟའ་གཏད་མེད་དོ་ཀརྨ་དབང་། །རིག་པ་སྤྲོས་མེད་རྣམ་ཐར་སྒོ་གསུམ་ལྡན། །དེ་ལ་ཕྱོགས་ལྷུང་མེད་དོ་ཀརྨ་དབང་། །རིག་པ་སྐུ་དང་ཡེ་ཤེས་ཡེ་རྫོགས་དབང་། །དེ་ལ་སྒོམ་སྒྲུབ་མེད་དོ་ཀརྨ་དབང་། །རིག་པ་ལམ་དང་འབྲས་བུ་གཅིག་རྫོགས་དབྱིངས། །དེ་ལ་སྦྱངས་བགྲོད་མེད་དོ་ཀརྨ་དབང་། །ཡུལ་མེད་ཟང་ཐལ་གཏད་མེད་རྒྱ་ཡན་དུ། །མ་བཅོས་ངང་གནས་ཤི་བའི་མཐར་གཏུག་དང་། །ཚེ་འདིར་མངོན་འཚང་རྒྱ་འོ་ཀརྨ་དབང་། །ཞེས་བདུད་འཇོམས་རྡོ་རྗེས་སོ། །དགེའོ།། །།