TTDL-ZABTER-18-TSHA-036

From Dudjom Wiki
Revision as of 15:31, 6 September 2024 by Mort (talk | contribs)

TTDL-ZABTER-18-TSHA-036
Wylie title TTDL-ZABTER-18-TSHA-036.pdf
Location bdud 'joms gling pa zab gter
Volume 18, Text 36, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 18: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zhal gdams   Verso: bdud 'joms gsung mgur skor
More details More details
Genre Advice - zhal gdams
[edit]
ལྕགས་མོ་ལུག་གི་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་དགུའི་ནུབ་མོ་རྨི་ལམ་ན་ཁང་པ་ཞིག་གི་ནང་ནས་བནྡེ་ཞིག་གིས་ངའི་སྙིང་གར་གྲི་བཙུག་ནས་ཁྱོད་གསོད་ཟེར་བ་ལ་ངས་གླུ་འདི་བླངས་སོ། །ཧེ་ཧེ།ང་རྫོགས་པ་ཆེན་པོའི་རྣལ་འབྱོར་པས། །འཁོར་འདས་གཉིས་མེད་ཆོས་སྐུར་སངས། །སྣང་སྲིད་འཇིག་ཀྱང་ཡ་ང་མེད། །ང་འུབ་ཆུབ་རོལ་པའི་རྣལ་འབྱོར་ལ། །གསོད་དང་གསོད་བྱའི་ཡུལ་ལས་འདས། །གཟུང་འཛིན་ཀློང་སྦྱོར་གྱི་གདམས་ངག་བདོག།ཚེ་དང་སྲོག་ལ་གཅེས་འཛིན་མེད། །ང་གཉིས་མེད་རོལ་པའི་རྣལ་འབྱོར་གྱི། །ཁྱོད་ཀྱང་ང་ལ་ང་ཡང་ཁྱོད། །ཞེན་མེད་རང་གྲོལ་གྱི་གདམས་ངག་བདོག།སྣང་ཆའི་འཕྲུལ་ལ་ཡ་ང་མེད། །ང་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པས། །འཁོར་བ་འཁྲུལ་པའི་ཉམས་སུ་གོ། །ཉམས་འདི་ལས་སད་ན་དགའ་ཡང་དགའ། །གསོད་ན་ད་ལྟ་ཉིད་དུ་སོད། །ཅེས་སྨྲས་པ་དང་། །ཁ་ཐལ་རྒྱུས་སྒོམ་སྨྲ་གྱིན་འདུག།དེ་ལ་ཤ་བརྩོད་འོང་། །ཧ་ཧ།ཁྱོད་བསད་ང་ཡང་ཤི་སྟེ་འཇིག།རང་སྲོག་རང་གི་ཡང་མི་གཅོད། །སློབ་དཔོན་ཁྱོད་ལ་སྐྱབས་ཀྱང་སྐྱབས། །ངས་ཀྱང་རྣལ་འབྱོར་ཉམས་སུ་ལེན། །སླར་ཡང་གདམས་ངག་ཚིགས་གསུམ་ཞུ། །ཞེས་ཟེར་ནས་གན་རྐྱལ་དུ་ཉལ་བ་ལ་ངས་འདི་སྨྲས། །ཨེ།ཀ་དག་ཆོས་སྐུ་ཡངས་པའི་མཁར། །ལྷན་སྐྱེས་ཡེ་ཤེས་ཆེན་པོས་སྦྱོར། །གཟུང་འཛིན་སྟོང་ཉིད་ཆེན་པོར་སྒྲོལ། །འཁོར་བ་མྱང་འདས་ལུགས་སུ་ལྡོག།བདེ་བ་ཆེན་པོར་རྒྱ་ཡིས་ཐོབ། །གདམས་ངག་རྩ་བ་དེ་ལས་མེད། །ཅེས་སྨྲས་པ་དང་མི་སྣང་བར་ཡལ་ལོ། །བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བྲིས་པའོ། །དགེའོ། །། །